བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་པུ་ནེ་དང་། མུམ་བྷེ། མོན་གྷོ། གྷོ་བ་བཅས་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༤ ནས་ཚེས་ ༢༠ བར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།
དེའང་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༤ ཉིན་སྔ་དྲོ་ཚོུད་ ༧།༣༠ ཐོག་མུམ་བྷེའི་སྡོད་གནས་མགྲོན་ཁང་ Summer Land Guest House ནས་གླ་འཁོར་བརྒྱུད་མུམ་བྷེ་གནམ་ཐང་དུ་ཐོན། ཆོུད་ ༡༠།༡༥ ཐོག་མུམ་བྷེ་ནས་ཧེ་དར་བྷདྷ་བརྒྱུད་ཧུབ་ལི་གནམ་ཐང་དུ་དགོང་མོ་ཚོུད་ ༧།༠༠ ཐོག་འབྱོར། སྐབས་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང། ས་འཐུས་ཚོགས་གཞོན། དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་མཚན་གྱི་ཕྱག་མཛོད། རྟའུ་དང་བྲག་འགོ་སྐྱིད་སྡུག།རྒོད་ཆ་བླ་བྲང་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ནས་ཕེབས་སུའི་སྣེ་ལེན་ཟབ་རྒྱས་གནང་། དེའི་རྗེས་སུ་ཧུབ་ལི་རུ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་དགོངས་ཚིགས་ཟབ་རྒྱས་གྲ་སྒྲིག་གནང་ཡོད་པ་ལྟར་དེར་ཕེབས། དགོང་མོ་ཚོུད་ ༡༡།༠༠ ཐོག་མོན་གྷོ་ས་གནས་བླ་མ་བླ་སྤྱི་མགྲོན་ཁང་དུ་འབྱོར།
ཚེས་ ༡༥ ཉིན་སྔ་དྲོ་ཚོུད་ ༩།༠༠ ཐོག་མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་སུ་ས་འཐུས་ཚོགས་གཞོན་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་དངུལ་གཉེར། མཉམ་འབྲེལ་ཚོགས་གཙོ། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ། གྲྭ་ཚང་ཁག་གི་ཕྱག་མཛོད། དམག་ཟུར་གཙོས་མོན་གྷོ་ས་གནས་སུ་ཡོད་པའི་ཚོགས་པ་ཁག་ ༢༦ གི་འཐུས་མི་བཅས་ནས་ཕེབས་བསུའི་འཚམས་འདྲི་ཞུས། དེའི་རྗེས་སུ་ས་གནས་འགོ་འཛིན་ལས་ཁུངས་སུ་འཚམས་གཟིགས་དང་ལྟ་སྐོར་བྱས། ཚོུད་ ༩།༤༠ ཐོག་ས་གནས་རང་བདེན་ཚོགས་ཆུང་ལས་ཁུངས་སུ་ལྟ་སྐོར་དང་རྒྱུས་ལོན་གནང། སྤྱིར་མོན་གྷོ་ས་གནས་སུ་དྭངས་བླངས་བཅའ་དངུལ་ཚགས་ཚུད་སྤྲོད་ཀྱི་ཡོད་སྐོར་རྒྱུས་ལོན་བྱུང་འདུག
ཚོུད་ ༡༠།༠༠ ཐོག་ས་འཐུས་ཚོགས་ཁང་དུ་ས་འཐུས་རྒྱུན་ལས་དང་འཐུས་མི་ལྷན་དུ་མཇལ་འཕྲད་དང་གླེང་མོལ་དང། དེའི་རྗེས་སུ་༧རྒྱལ་བའི་གཟིམས་ཆུང་དུ་མཆོད་མཇལ་དང་མཉམ་འབྲེལ་ལས་ཁུངས་སུ་ལྟ་སྐོར་དང་རྒྱུས་ལོན་གནང། མཉམ་འབྲེལ་གྱི་སྡེ་ཚན་ཁག་ ༧ བུན་གཡར་དང་དེ་མིན་ལས་གཞི་སྣ་མང་སོགས་ཀྱི་སྐོར་རྒྱུས་ལོན་གནང་། ཚོུད་ ༡༡།༣༠ ཐོག་ཞི་བ་འཚོ་དཔེ་མཛོད་ཁང་དུ་ལྟ་སྐོར་གནང། དཔེ་མཛོད་དོ་དམ་པས་དཔེ་མཛོད་ཁང་དུ་ལོ་རེར་ས་གནས་ཕྲུ་གུ་ ༢༠༠ ནས ༣༠༠ སླེབས་ཀྱི་ཡོད་སྐོར་ཞུས་འདུག། ཚོུད་ ༡༡།༤༠ ཐོག་ས་གནས་བེུད་ཚོགས་པའི་ལས་ཁུངས་དང་ཚེམས་བཟོ་སྦྱོང་བརྡར་ལས་གཞི་ལ་ལྟ་སྐོར་དང་རྒྱུས་ལོན་གནང། ལས་གཞི་དེའི་བརྒྱུད་ད་བར་བེུད་ ༢༠ ལྷག་ཙམ་སྦྱོང་བརྡར་མཐར་སོན་བྱུང་འདུག་པ་མ་ཟད་ ༢༠༡༨ ནས་ས་གནས་སུ་ཕྲུ་གུ་གསར་སྐྱེས་མའི་ལུས་གསོ་ལས་གཞི། ཕྲུ་གུ་མང་བའི་ནང་མི་ཆེད་གསོལ་རེས་ལས་གཞི་དང་དྭངས་བླངས་ཐོག་ཟླ་རེར་ཐེངས་གཉིས་རྒན་གསོ་ཁང་དུ་ཡོད་པའི་རྒན་ཁོག་རྣམས་ལ་གོས་འཁྲུས་དང་གཟུགས་ཁྲུས་བྱེད་ཀྱི་ཡོད་སྐོར་སོགས་ཤེས་རྟོགས་བྱུང་འདུག། ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ ལ་ཕྲུ་གུ་གསར་སྐྱེས་མའི་ལུས་གསོ་ལས་གཞི་འོག་མ་ ༥༡༠ བྱུང་ཡོད་པ་རྣམས་ལ་ས་གནས་བེུད་ཀྱིས་ཁྱོན་བསྡོམས་ཧིན་སྒོར་ ༡,༢༧༢༡༢ འགྲོ་སོང་བཏང་འདུག
ཉིན་རྒྱབ་གཞིས་གྲོང་ ༣ པ་བོད་གཞུང་སྨན་རྩིས་ཁང་དུ་འཚམས་གཟིགས་དང་ལྟ་སྐོར་གནང། སྨན་རྩིས་ཁང་གི་སྨན་པ་དང་ས་གནས་འཕྲོད་བསྟེན་སྨན་ཁང་། སྨན་ཞབས་ཆེད་ཕེབས་ཀྱིས་ཟླ་རེར་ཐེངས་གཉིས་རྒན་གསོ་ཁང་དུ་ཡོད་པའི་རྒན་ཁོག་ཚོར་ལུས་སྦྱོང་། བརྟག་དཔྱད། འཕྲོད་བསྟེན་སློབ་གསོའི་མཐུན་འགྱུར་གནང་མུས་ཡིན་སྐོར་བརྗོད་འདུག དེའི་རྗེས་སུ་ས་གནས་རྒས་གསོ་ཁང་དང་གཞིས་སྤྱི་ལྷ་མོ་ཚོགས་ཁང་ལ་ལྟ་སྐོར་དང། ས་གནས་ལྷ་མོ་ཚོགས་པ་བཙུགས་ཏེ་ལོ་ ༢༦ ཕྱིན་ཡོད་པ་དང་ད་ཆ་ཚོགས་མི་ ༣༠ ལས་མི་འདུག་བཅས་རྒྱུས་ལོན་བྱུང་འདུག
ཚོུད་ ༢།༡༥ ཐོག་ས་གནས་འཕྲོད་བསྟེན་སྨན་ཁང་ལ་ལྟ་སྐོར་བྱེད་སྐབས་སྨན་ཁང་ངོས་ནས་སེམས་ཁམས་བདེ་ཐང་ཆེད་བདུན་རེར་ཐེངས་གཉིས་དྲྭ་ལམ་བརྒྱུད་སེམས་ཁམས་རྒྱང་དཔྱད་སྨན་བཅོས་ལས་གཞི་སྐྱོང་མུས་ཡིན་སྐོར་ཞུས་འདུག
དེའི་རྗེས་སུ་ས་གནས་དམག་ཟུར་ཚོགས་པའི་ལས་ཁུངས་མདུན་ཐང་གི་དམག་ཟུར་དཔའ་བོའི་རྡོ་རིང་མདུན་དུ་རྒྱ་གར་རྒྱལ་ཁབ་སྲུང་སྐྱོབ་ཆེད་རང་སྲོག་བློས་གཏོང་གནང་མཁན་བོད་པའི་དམག་མི་རྣམས་ལ་གུས་རྩི་དང་མྱ་ངན་ཆེད་མཆོད་མེ་དང་མེ་ཏོག་ཕུལ་ཏེ། དེ་ནས་དམག་ཟུར་ལས་ཁུངས་སུ་ལྟ་སྐོར་པ་དང་དམག་ཟུར་ཚོགས་པའི་ཚོགས་གཞོན་ནས་ད་ལྟའི་ཆར་ས་གནས་སུ་དམག་ཟུར་ ༣༥༠ ཡོད་བཅས་བརྗོད་འདུག གཞན་ཡང་དམག་ཟུར་ཚོགས་པའི་དྲན་རྟེན་མཆོད་བརྟེན་རྒྱབ་ཀྱི་རྩིག་ངོས་སུ་བོད་ཕྱི་ནང་གི་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་རྗེས་དྲན་ཆེད་འགྲེམས་སྟོན་ཞུ་ཆེད་མཚན་གཞུང་དང་པར་རིས་ཚད་ལྡན་ཞིག་གནང་སྐྱོང་ཡོང་བ་ཞུས་བར་དབུས་གཞོན་ནུ་ཚོགས་གཙོར་འབྲེལ་བ་མཐུད་དེ་མཚན་དང་བཅས་པའི་པར་གྱི་སྦྱར་ཡིག་ཡིག་ཆ་དམག་ཟུར་རྣམས་ལ་ཕུལ་འདུག དེ་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་སྦག་ས་བླ་རྒན་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུས། དགོང་མོ་ཚོུད་ ༦ པའི་ཐོག་བྲག་འགོ་སྐྱིད་སྡུག་གིས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས།
ཚེས་ ༡༦ ཉིན་སྔ་དྲོ་ཚོུད་ ༨།༡༥ ཐོག་སཾ་བྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭར་ (ཟམ་པ་སློབ་གྲྭ) དགེ་སློབ་ཡོངས་ནས་ཕེབས་བསུའི་སྣེ་ལེན་གྱི་འཚམས་གཟིགས་གནང། ཞོགས་འཛོམས་སྐབས་སུ་དགེ་སློབ་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་དོན་འཐབ་རྩོད་དང་དཔེ་ཀློག་གི་གོམས་གཤིས་གལ་ཆེན་ཡིན་སྐོར་སོགས་ཀྱི་ལམ་སྟོན་གཏམ་བཤད་གནང། སློབ་གྲྭའི་སློབ་སྤྱིས་སློབ་ཕྲུག་གྲངས་ ༢༢༩ ཡོད་པ་དང་ཉེ་ལམ་སློབ་གྲྭ་ཡིས་རི་མོ་དང་། ཡིག་གཟུགས་དང་ཟློས་གར་སྦྱོར་བརྡར་བཅས་ལ་དོ་སྣང་སོགས་གནང་གི་ཡོད་སྐོར་ཞུས་པ་མ་ཟད། སློབ་གྲྭའི་ནང་དུ་འགྱིག་ཤོག་བེད་སྤྱོད་གཏོང་མཚམས་བཞག་ཡོད་སྐོར་སོགས་ཞུས་འདུག།ཚོུད་ ༡༠།༣༠ ཐོག་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭར་རྔ་རོལ་དང་བཅས་སློབ་སྤྱི་དང་། དགེ་རྒན་ཕ་མིའི་ཚོགས་ཆུང། དགེ་ལས་བཅས་ནས་ཕེབས་བསུའི་སྣེ་ལེན་ལྷན་ལྟ་སྐོར་དང་རྒྱུས་ལོན་གནང། སློབ་གྲྭའི་ནང་སློབ་ཕྲུག་གྲངས་འབོར་གཏན་སློབ་དང་ཉིན་སློབ་གཉིས་ཁྱོན་བསྡོམས་ ༣༢༨ ཡོད་འདུག ཞོགས་འཛོམས་སྐབས་སུ་དགེ་སློབ་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར། བོད་ནང་གི་ཛ་དྲག་གནས་སྟངས། སློབ་གྲྭ་དང་དགེ་རྒན་རྣམས་རྒྱལ་ཁབ་ཅིག་ལ་མཚོན་ན་གལ་ཆེ་ཇི་ལྟར་ཡིན་སྐོར་ངོ་སྤྲོད་གནང་འདུག་པ་མ་ཟད། སློབ་གྲྭས་སློབ་གསོ་སྤྲོད་སྟངས་ཀྱི་སྤུས་ཚད་ཡར་རྒྱས་གཏོང་དགོས་གལ་སྐོར་སོགས་ལ་གཏམ་བཤད་གནང་།
ཉིན་རྒྱབ་ཚོུད་ ༢།༡༥ ཐོག་གཞིས་སྤྱི་ཚོགས་ཁང་དུ་མི་མང་ཚོགས་ཆེན་ཚོགས། སྐབས་དེར་ས་གནས་འགོ་འཛིན་གྱིས་མོན་གྷོ་གཞིས་ཆགས་ས་ཆ་རྒྱ་ཁྱོན་ཨེ་ཀར་ ༤༠༤༥.༢༩ ནང་གྲོང་སྡེ་བཅུ་ཡོད་པ་དང་གཞིས་ཆགས་ཁོངས་སྐྱ་སེར་ཕོ་མོ་བོད་མིའི་གྲངས་འབོར་ ༧༧༧༥ ཡོད་པ། དེ་བཞིན་ས་གནས་སུ་དགོན་སྡེ་གྲྭ་ཚང་ཆེ་བ་དགུ་དང་ཆུང་བ་དྲུག་ཡོད་པ་དང་དེ་སྔ་ས་གནས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbat Sahyog Manch དང་ Indo Tibet Friendship Association གཉིས་ཡོད་པའི་སྒང། ཉེ་ལམ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣༠ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པ་ Indo Tibet Friendship Society གསར་འཛུགས་བྱས་ཡོད་སྐོར་ངོ་སྤྲོད་ཞུས་འདུག།དེའི་རྗེས་སུ་སེར་སྐྱ་མི་མང་ཡོངས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་དང། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་གནང། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་བབས་སྐོར་གཏམ་བཤད་གནང། གཏམ་བཤད་གྲུབ་ཚར་རྗེས་ཚོུད་ ༥།༣༠ ཐོག་དུས་འཁོར་ཐང་དང་དགོན་པ་རུ་མཆོད་མཇལ་བཅར། དགོང་མོ་ཚོུད་ ༦ པའི་ཐོག་རྟའུ་སྐྱིད་སྡུག་གིས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས།
ཚེས་ ༡༧ ཉིན་སྔ་དྲོ་ཚོུད་ ༨།༢༠ ཐོག་གྲོང་སྡེ་དྲུག་པར་སཾ་བྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭར་འཚམས་གཟིགས་གནང་། སློབ་གྲྭའི་ནང་སློབ་ཕྲུག་གྲངས་འབོར་ཁྱོན་བསྡོམས་ ༨༦ ཡོད་འདུག དེ་མ་ཟད་སློབ་ཕྲུག་རྣམས་ནས་ཉུང་ཐར་ལོ་རེར་དཔེ་དེབ་ ༡༠༠ བཀླག་དགོས་པའི་ལས་གཞིས་དང་སློབ་གྲྭའི་ནང་དུ་འགྱིག་ཤོག་བེད་སྤྱོད་མཚམས་འཇོག་ལག་བསྟར་གནང་ཡོད་སྐོར་སོགས་ཤེས་རྟོག་བྱུང་འདུག། ཞོགས་འཛོམས་ལས་རིམ་སྐབས་སློབ་ཕྲུག་རྣམས་ནས་རྩོམ་ཡིག་དང་སྙན་ངག་སྒྲོག་སྦྱང་། རྣམ་ཐར། དེ་བཞིན་ཞབས་བྲོ་གཟིགས་འབུལ་ཞུས་འདུག སྤྱི་འཐུས་གཉིས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་གནང། སློབ་གྲྭ་དང་དགེ་རྒན་རྣམས་ཇི་ལྟར་གལ་ཆེན་ཡིན་ཚུལ་དང་དཔེ་ཀློག་གི་གལ་ཆེའི་རང་བཞིན་སྐོར་གཏམ་བཤད་གྲུབ་མཚམས་སློབ་གྲྭར་ལྟ་སྐོར་དང། དེའི་རྗེས་སུ་རེས་གཟའ་ལྷག་པ་ཡིན་སྟབས་དགེ་སློབ་ཡོངས་ནས་ལྷག་དཀར་སྒོར་གཞས་ཀྱི་གཟིགས་འབུལ་དང་།
ཚོུད་ ༡༠།༠༠ ཐོག་གཞིས་གྲོང་ ༦ པར་ཡོད་པའི་བུ་བཅོལ་ཁང་དང་གཞིས་གྲོང་ ༩ པའི་ཕྲུ་གུ་རྩེད་ཐང་ལ་ལྟ་སྐོར་ཕེབས། ཚོུད་ ༡༡།༥༠ ཐོག་རྗེས་འབྱོར་བའི་སྡོོད་ཁང་གཞིས་གྲོང་ ༡༠ པ་ལ་ལྟ་སྐོར་དང་རྒྱུས་ལོན་གནང། གཞིས་སྤྱི་ནོར་བུ་རིར་མཆོད་མཇལ་ཞུས། དེ་རྗེས་མོན་གྷོ་ལ་ཇོ་རུ་སྐྱིད་སྡུག་གིས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས།
ཉིན་རྒྱབ་ཚོུད་ ༣།༠༠ ཐོག་མོན་གྷོ་རྫོང་གི་རྗོང་དཔོན་གཞོན་པ་ (Deputy Commissioner & District Magistrate) སྐུ་ཞབས་ Gangu Bai Ramesh Manakar ལགས་ལྷན་དང་མཇལ་ཏེ་ཁོང་ནས་ད་བར་མོན་གྷོ་གཞིས་ཆགས་སུ་བོད་མིར་མཐུན་རྒྱུར་རོགས་རམ་གང་ལེགས་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་གི་གནས་སྟངས་དང་རྩ་དོན་འཐབ་རྩོད་སྤྱི་ཡོངས་སྐོར་ངོ་སྤྲོད་བྱས། གཞན་ཡང་ཁོང་ལ་ཉེ་ལམ་མོན་གྷོ་རུ་གནམ་གཤིས་འགྱུར་ལྡོག་རྐྱེན་པས་སྟོན་ཐོག་ལ་གནོད་ཚབས་ཆེན་པོ་ཕོག་སྟེ་ཞིང་པ་རྣམས་ལ་གྱོང་གུན་ཆེན་པོ་འཕྲད་པར་མངའ་སྡེ་གཞུང་གིས་རོགས་རམ་མཐུན་གྱུར་གནང་ཡོད་པ་ལྟར། བོད་མི་རྣམས་ལ་ཡང་གཅིག་མཚུངས་མཐུན་འགྱུར་སྦྱར་ཐབས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས། དེ་མ་ཟད་རྒྱ་གར་ཞིང་པ་དང་གཞིས་གྲོང་རྣམས་ལ་ RTC – Record of Rights, Tenancy and Crops ཀྱི་མཐུན་རྐྱེན་ཇི་ཡོད་བོད་མི་རྣམས་ལ་ཡང་སྤྲོད་ཐབས་ཀྱི་རེ་སྐུལ་ཞུས་འདུག ཕྱི་དྲོ་ཚོུད་༧།༣༠ ཐོག་མོན་གྷོ་རྩེད་རིགས་ཚོགས་ཆུང་གིས་གོ་གོ་སྒྲིག་གནང་བའི་ཞལ་ལག་དང་བསྟུན་རྒྱུན་ལས་རྣམ་པ་ Dolma Foundation ཚོགས་པའི་འགན་འཛིན་ Frans de Reeper དང་རྒྱ་གར་འབྲེལ་མཐུད་པ་ལས་བྱེད་བསྟན་འཛིན་འཆི་མེད་ལགས་ལྷན་དུ་མཇལ་འཕྲད་དང་གླེང་མོལ་གནང། གཞན་ཡང་། རྒོད་ཆ་བླ་བྲང་དང་བྲག་གོ་མི་ཚན་ནས་ས་གནས་ཀྱི་ལས་རིམ་མ་གྲུབ་བར་དུ་སྡོད་ཁང་མཐུན་རྒྱུར་གནང་བྱུང་བར་ཐུགས་རྗེ་ཆེ་ཞུས་འདུག
སྤྱི་ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་འབྲས་སྤུངས་བཀྲིས་སྒོ་མང་སློབ་གྲྭ་དང་བློ་གསལ་གླིང་ཆོས་རིགས་འཛིན་སྐྱོང་སློབ་གྲྭར་འཚམས་གཟིགས་གནང། ཚོུད་ ༡༠།༣༠ ཐོག་འབྲས་སྤུངས་བློ་གསལ་གླིང། འབྲས་སྤུངས་སྒོ་མང། འབྲས་སྤུངས་བླ་སྤྱི། ས་སྐྱ་དགོན་པ་དང་རྭ་སྟོད་དགོན་པ་བཅས་སུ་མཆོད་མཇལ་ཞུས། དེ་རྗེས་སུ་ས་གནས་ཀྱི་ཚོགས་སྡེ་ཁག་ ༢༦ གིས་ས་འགོ་ལས་ཁུངས་སུ་ཞལ་ལག་གོ་སྒྲིག་གནང་ཡོད་པ་དེར་ཕེབས། ཉིན་རྒྱབ་ཚོུད་ ༣།༠༠ ཐོག་འབྲས་སྤུངས་དགོན་པར་ཡོད་པའི་བོད་གཞུང་སྨན་རྩིས་ཁང་དུ་འཚམས་གཟིགས་གནང། སྨན་རྩིས་ཁང་དུ་ཉིན་རེར་ནད་པ་གྲངས་ ༡༥༠ ལྷག་སླེབས་ཀྱི་ཡོད་སྐོར་དང་སྨན་པ་རྣམས་ཟླ་རེར་ཐེངས་རེར་གྷོ་བ་རུ་ནད་པ་རྟག་དཔྱད་ཀྱི་མཐུན་རྐྱེན་སྦྱར་ཆེད་འགྲོ་ཡི་ཡོད་སྐོར་སོགས་ཤེས་རྟོགས་བྱུངའདུག དེའི་རྗེས་སུ་ཚོུད་ ༣།༢༠ ཐོག་ས་འགོའི་ཁྱབ་ཁོངས་རྩི་ཤིང་འདེབས་ལས་དང་སྒོ་ཕྱུགས་གསོ་སྐྱོང་ཁང་སོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་འདུག
དགོང་མོ་ཚོུད་ ༦།༣༠ ལ་འབྲས་སྤུངས་བླ་སྤྱི་ཚོགས་ཁང་དུ་འབྲས་སྤུངས་སྒོ་བློ་དང་། ས་སྐྱ། ར་སྟོད། བཀའ་བརྒྱུད་དགོན་པ་བཅས་ཀྱི་དགེ་འདུན་འདུས་མང་ཡོངས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་བྱས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་བབས་སྐོར་གཏམ་བཤད་གནང། དེ་རྗེས་འབྲས་སྤུངས་བླ་སྤྱིས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས།
སྤྱི་ཚེས་ ༡༩ ཉིན་སྔ་དྲོ་ཚོུད་ ༧།༣༠ ཐོག་མོན་གྷོ་ས་གནས་ཆུ་སྒང་གིས་གོ་གོ་སྒྲིག་གནང་བའི་ཞལ་ལག་དང་བསྟུན་རྒྱུན་ལས་རྣམ་པ་ལྷན་དུ་ཐུགས་འཕྲད་དང་གླེང་མོལ་བྱས། དེེའི་རྗེས་ཚོུད་༨།༣༠ ཐོག་མངའ་གཞུང་གྲོང་གསེབ་ཡར་རྒྱས་ལས་ཁུངས་ RDPR (Rural Development and Panchayat Raj Department) ཀྱི་གཞིས་གྲོང་ ༣ ནས་༩ བར་གྱི་གཞུང་ལམ་གནས་སྟངས་ཧ་ཅང་ཞན་པས་རྐྱེན་ཀྱིས་ཉམས་གསོ་ལས་གཞི་ཆེད་ཧིན་སྒོར་འབུམ་ ༤༢ དང་ཕྱེད་ཀ་བཀའ་ཁྲོལ་སྩོལ་ཡོད་པའི་ལས་གཞི་དབུ་འཛུགས་ཀྱི་རབ་གནས་ Bhoomi Puja གནང་རྒྱུའི་ཐོག་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གཉིས་སྐུ་མགྲོན་དུ་ཕེབས་ཏེ་དབུ་འབྱེད་གནང། ཚོུད་ ༩།༣༠ ཐོག་དགའ་ལྡན་བྱང་རྩེ་དང་ཤར་རྩེ་སློབ་གྲྭ་དགེ་སློབ་རྣམས་མཇལ་འཕྲད་གནང། དགའ་ལྡན་བྱང་རྩེ་སློབ་གྲྭའི་ནང་དུ་ད་ལྟའི་ཆར་སློབ་ཕྲུག་གྲངས་འབོར་ཁྱོན་བསྡོམས་ ༥༠༣ ཡོད་པ་དང་དགའ་ལྡན་ཤར་རྩེ་སློབ་གྲྭར་སློབ་ཕྲུག་གྲངས་འབོར་ཁྱོན་བསྡོམས་ ༧༠༠ ཡོད་འདུག
དེའི་རྗེས་སུ་དགའ་ལྡན་བྱང་རྩེའི་མཁན་རིན་པོ་ཆེ་དང་ལྷན་དུ་མཇལ་འཕྲད་ཞུས་འདུག།ཉིན་རྒྱབ་ཚོུད་ ༡།༠༠ བར་དུ་དགའ་ལྡན་བླ་སྤྱི། དགའ་ལྡན་ཤར་རྩེ། དགའ་ལྡན་བྱང་རྩེ་དང་རྙིང་མ་དགོན་པ་བཅས་སུ་མཆོད་མཇལ་ཞུས། དེའི་རྗེས་སུ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་གནས་གཟིགས་དང་བཙུན་མ་རྣམས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་གནང། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར་གཏམ་བཤད་གནང། དེ་རྗེས་བཙུན་དགོན་བྱང་ཆུབ་ཆོས་གླིང་གིས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས།
ཉིན་རྒྱབ་ཚོུད་ ༢།༠༠ ཐོག་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་ཉེན་རྟོག་པ་སྐུ་ཞབས་ B S Lokapur ལགས་ལྷན་དུ་ཐུག་འཕྲད་ཀྱིས་ཁོང་ལ་མོན་གྷོ་བོད་མིའི་བདེ་འཇགས་དང་དེ་མིན་འབྲེལ་ཡོད་ལས་དོན་ཐོག་གང་མང་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས། དེའི་རྗེས་མོན་གྷོ་ས་གནས་སུ་ཡོད་པའི་ PWD (Public Works Department) དང་ RDPR ལས་ཁུངས་གཉིས་སུ་ཆེད་བཅར་གནང་སྟེ། ཁོང་རྣམས་ནས་ད་བར་མོན་གྷོ་བོད་མིའི་གཞིས་ཆགས་སུ་འགྲོ་ལམ་དང་གཞུང་ལམ་སོགས་ཀྱི་ལས་འཆར་སྣ་མང་སྤེལ་བར་ཐུགས་རྗེ་ཆེ་ཞུས་དང་མ་འོངས་ལམ་ཟུར་ཆུའི་ཡུར་བ་བཟོ་རྒྱུའི་ལས་འཆར་ཡང་དགོངས་བཞེས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས། ཚོུད་ ༤།༠༠ ཐོག་ས་གནས་འགོ་འཛིན་ལས་ཁུངས་སུ་བོད་ཀྱི་སྙིང་ནད་ཚོགས་པའི་ Tibetan Heart Foundation འགན་འཛིན་བསྟན་འཛིན་ཆོས་ཉིད་ལགས་དང་མཇལ་འཕྲད་ཀྱིས་ཚོགས་པའི་ངོ་སྤྲོད་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་རྒྱུས་ལོན་གནང། ཚོུད་ ༤།༣༠ ཐོག་ལས་ཁུངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ Indo Tibet Friendship Association དང་ Indo Tibet Friendship Society ཀྱི་ཚོགས་གཙོ་དང་ཚོགས་མི་རྣམས་དང་མཇལ་འཕྲད་གནང། ཁོང་རྣམས་ནས་བོད་ནང་གི་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་པོའི་སྐབས་རྒྱ་གར་ནང་ལས་འགུལ་ཁག་ཏུ་མཉམ་ཞུགས་གནང་ཡོད་སྐོར་གསུངས་པ་མ་ཟད། མ་འོངས་མུ་མཐུད་བོད་རང་དབང་མ་ཐོབ་བར་དུ་ལས་འགུལ་ནང་མཉམ་བཞུགས་བྱེད་ཀྱི་ཡིན་ཞེས་གསུངས་ཏེ། ཁོང་རྣམས་དང་ལྷན་དུ་བཀའ་མོལ་ལྷུག་པོར་བྱུང་འདུག
ཕྱི་དྲོ་ཚོུད་ ༦།༣༠ ལ་དགའ་ལྡན་བླ་སྤྱིར་མཆོད་མཇལ་གྲུབ་བསྟུན་དགའ་ལྡན་བླ་སྤྱི་ཚོགས་ཁང་དུ་དགའ་ལྡན་ཤར་བྱང་དང་། རྙིང་མ་དགོན་པ་བཅས་ཀྱི་དགེ་འདུན་འདུས་མང་ཡོངས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་གནང། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་བབས་སྐོར་གཏམ་བཤད་གནང། དེ་རྗེས་དགའ་ལྡན་བླ་སྤྱིས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས་ཏེ་ས་གནས་མོན་གྷོ་ཁུལ་གྱི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང།
ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༠ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁམས་ཚན་དུ་མཆོད་མཇལ་བཅར་ཏེ་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁང་མཚན་ལ་ཐོན་ཏེ་མཆོད་མཇལ་ཞུས། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་གི་དཔེ་མཛོད་ལྟ་སྐོར་དང། ཚོུད་ ༡༠།༠༠ ཐོག་མོན་གྷོ་ནས་ས་གནས་འགོ་འཛིན་ནས་མོ་ཊ་མཐུན་འགྱུར་གྱིས་གྷོ་བར་ཐོན་པ་བཅས།