བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་མུམ་བྷེ་ཁུལ་དུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་པུ་ནེ་དང་། མུམ་བྷེ། མོན་གྷོ། གྷོ་བ་བཅས་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༢ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་གླ་འཁོར་བརྒྱུད་ས་གནས་མུམ་བྷེ་རུ་ཐོན་ཏེ་ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཙམ་ལ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ (Indo-Tibet Friendship Society (ITFS)) འབྲེལ་མཐུད་པ་སྐུ་ཞབས་ར་ཇྰ་རམ་ ཁ་རཏ་  (Shri Rajaram Kharat) ལགས་ཀྱིས་ས་མར་ལན་ཌ་མགྲོན་ཁང་ (Summerland Guest House) དུ་ཕེབས་བསུའི་སྣེ་ལེན་ཞུས་ཡོད་འདུག་པ་དང་། དགོང་དྲོ་ཆུ་ཚོད་ ༧།༣༠ ཐོག་མུམ་བྷའི་ས་གནས་ཀོ་ལ་བྷ་ (Colaba) རུ་ཡོད་པའི་བོད་པའི་གྲོགས་པོ་ (Friends of Tibet) ཡི་འབྲེལ་མཐུད་པ་སྐུ་ཞབས་ལོ་རེནྶ་ (Laurence) ལགས་དང་ཐུགས་འཕྲད་གནང་།

ཕྱི་ཟླ་ ༡ ཚེས་ ༡༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་མུམ་བྷེ་ས་གནས་བོད་པའི་སུད་ཚོང་བའི་འབྲེལ་མཐུད་པ་ཚེ་རིང་ལགས་དང་། སྤེན་པ་ལགས་གཉིས་ནས་མགྲོན་ཁང་ས་མར་ལན་ཌ་རུ་ཕེབས་བསུའི་སྣེ་ལེན་དང་འཚམས་འདྲི་ཞུས། དེ་ནས་སྔ་དྲོ་ཆུ་ཚོད་ ༡༠།༥༠ ནས་ ༡༢།༠༠ བར་ས་གནས་པ་རལ་ (Parel) དུ་ཡོད་པའི་བྷ་ཧུ་ཇན་ བུ་དྷ་ ཝི་ཧར་ (Bahujan Buddha Vihar) ཚོགས་ཁང་དུ་མུམ་བྷེའི་བོད་པ་སུད་ཚོང་བ་དང་ལྷན་དུ་བཀའ་མོལ་གནང་སྟེ་ཁོང་རྣམ་པའི་དཀའ་ངལ་དང་བསམ་ཚུལ་བཅས་ལ་རྒྱུས་ལོན་གནང་། དེ་རྗེས་ས་གནས་པ་རལ་དུ་ཡོད་པའི་བོད་པའི་སུད་ཚོང་བའི་ཁྲོམ་སར་གཟིགས་སྐོར་དུ་ཕེབས། ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་ཅ་ཏིཡ་བུ་མི་ དྲོག་ཀྲོར་བ་བ་ས་ཧིབ་ ཨེམ་བེཌ་ཀར་ ས་མྲཀ་ (Chaityabhoomi Dr.Babasaheb Ambedkar Smark) ཀྱི་སྐུ་གདུང་ཞུགས་འབུལ་བྱ་ཡུལ་དུ་མཆོད་མཇལ་དང་།  ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ར་ཇྰ་རམ་ (Rajaram) ལགས་དང་། སྐུ་ཞབས་གྷ་ནེཤ་ པ་ཝར་ (Ganesh Pawar) ལགས། སྐུ་ཞབས་ཨ་ཤོག།གྷ་ཇར་མལ་ (Ashok Gajarmal) ལགས། སྐུ་ཞབས་བ་ལ་ས་ཧེབ་ པ་གྷ་རེ་ (Balasaheb Pagare) ལགས། སྐུ་ཞབས་མི་ལིཌ་ ཇྷ་དྷེཝ་ (Milind Jadhav) ལགས། དེ་བཞིན་བོད་པའི་གྲོགས་པོ་ (Friends of Tibet) ཡི་འབྲེལ་མཐུད་པ་སྐུ་ཞབས་ལོ་རེནྶ་ (Laurence) བཅས་དང་ལྷན་དུ་ཆུ་ཚོད་ ༡།༣༠ བར་དུ་བོད་དོན་དང་མུམ་བྷེ་བོད་པའི་སུད་ཚོང་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་སྐོར་གོ་བསྡུར་གནང་བ་མ་ཟད། ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་ཆ་ཏྰར་པ་ཏི་ ཤི་ཝ་ཇི་ མ་ཧ་ར་ཇྰ་ ཀྲར་མི་ནྶ་ (Chhatrapati Shivaji Maharaj Terminus) རུ་ཡོད་པའི་བོད་པའི་སུད་ཚོང་བའི་ཁྲོམ་སར་གཟིགས་སྐོར་ལ་ཕེབས་གནང་ཡོད། སྐབས་དེར་ས་གནས་ཉེན་རྟོག་པའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་པར་ཝིན་ མུན་ཌེ་ (Deputy Commissioner of Police (DCP) Pravin Munde) མཆོག་དང་མཇལ་རྒྱུའི་གོ་སྐབས་བྱུང་ཡོད་ཅིང་། ཁོང་གིས་ས་གནས་བོད་པའི་སུད་ཚོང་བ་རྣམས་ལ་ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་མ་འོངས་པར་ཡང་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུས་གནང་ཡོད་འདུག དེ་ནས་ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་མུམ་བྷེ་བོད་པ་སུད་ཚོང་བ་རྣམས་ལ་མ་འོངས་སུད་ཚོང་ཁྲོམ་སའི་ས་ཆ་རེ་བ་ཡོད་ས་ཝིར་ ཎ་རི་མན་ རོཊ་ ཅརྗ་གེཊ་ (Veer Nariman Road, Churchgate) ལ་སུད་ཚོང་བའི་འབྲེལ་མཐུད་པ་རྣམས་དང་བོད་པའི་གྲོགས་པོ་ (Friends of Tibet) འབྲེལ་མཐུད་པ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ (ITFS) འབྲེལ་མཐུད་པ་ལྷན་དུ་གཟིགས་སྐོར་ལ་ཕེབས། ཕྱི་དྲོ་ཆུ་ཚོད་ ༧།༣༠ ཐོག་ས་གནས་བྷན་དྷ་ར་ (Bandra) རུ་གནས་མཁན་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་བོད་ཀྱི་གྲོགས་པོ་ (Friends of Tibet) ཡི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་སི་ཨེ་ ཀ་ལི་ཡན་པུར་ (CA Kallianpur) ལགས་དང་ཐུགས་འཕྲད་ཀྱིས་དུས་ཡུན་སྐར་མ་ ༣༠ ཙམ་རིང་བོད་དོན་ཐོག་གོ་བསྡུར་ལྷུག་པོ་གནང་སྟེ་ས་གནས་མུམ་བྷེ་ཁུལ་དུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་རྗེས་ཟླ་ ༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་སྡོད་གནས་མགྲོན་ཁང་ནས་གླ་འཁོར་བརྒྱུད་མུམ་བྷེ་གནམ་ཐང་ཕྱོགས་སུ་ཐོན་གནང་ཡོད་པ་བཅས། །