བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་པུ་ནེ་ཁུལ་དུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།


༄༅། །བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་པུ་ནེ་དང་། མུམ་བྷེ། མོན་གྷོ། གྷོ་བ་བཅས་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་དང་སྐྱོང་བཞིན་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༠ ཉིན་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་བཞུགས་གནས་སྦིར་གཞིས་ཆགས་ནས་སྔ་དྲོ་འཐོན་ཏེ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་མ་ཟད། སྤྱི་འཐུས་རྣམ་གཉིས་རྒྱ་གར་རྒྱལ་ས་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་ནས་རྒྱ་གར་ལྷོ་ཕྱོགས་པུ་ནེ་གནམ་ཐང་དུ་ཕྱི་དྲོ་ཆུ་ཚོད་ ༨།༥༠ ཐོག་འབྱོར་ཡོད། སྐབས་དེར་ (Pune Tibetan Association) ས་གནས་བོད་པའི་སུད་ཚོང་བའི་ཚོགས་གཙོ་ཚེ་རིང་ལགས་ནས་ཕེབས་བསུའི་སྣེ་ལེན་ཐོག་སྡོད་གནས་མགྲོན་ཁང་ Hotel Tourist International དུ་ཕྱི་དྲོ་ཆུ་ཚོད་ ༡༠།༠༠ པར་འབྱོར་ཡོད་འདུག

ཟླ་ ༡ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༡།༣༠ བར་ས་གནས་བོད་མིའི་སུད་ཚོང་བ་དང་ལྷན་ Dr. Babasaheb Ambedkar Sanskrutik Bhavan ཚོགས་ཁང་ནང་དུ་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་མཛད་རིམ་བསྐྱངས་གནང་ཡོད། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་གནང་བ་དང། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར་གཏམ་བཤད་གནང་། དེའི་རྗེས་སུ་ཉིན་རྒྱབ་ཆུ་ཚོད་ ༡༢།༠༥ ཐོག་ Dr. Babasaheb Ambedkar Sanskrutik Bhavan དུ་ཡོད་པའི་ Dr.Ambedkar ཀྱི་འགྲེམས་སྟོན་ཁང་དང། དེ་ནས་ཆུ་ཚོད་ ༡༢།༥༠ ཐོག་ས་གནས་བོད་མི་སུད་ཚོང་བ་རྣམས་ཀྱི་ཁྲོམ་ས་ཁག་ལ་ལྟ་སྐོར་དུ་ཕེབས་པས་ས་གནས་པུ་ནེ་ཁུལ་དུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་བ་བཅས། །