བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་དང་བསྟན་འཛིན་འཇིགས་མེད་མཆོག་རྣམ་གཉིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པར་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་གྲོང་ཁྱེར་བྷོ་སོ་ཊོན་དུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཕྱོགས་བཞུགས་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་རྣམ་གཉིས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་སྟངས་འཛིན་འོག བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་ ༢༢ ཀྱི་སྐུ་ཚབ་རྣམས་ནས་སྔར་ལོའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། འདི་ལོའི་གྲོས་གཞི་ཁག་གསུམ་གྱི་ཐོག་བགྲོ་གླེང་གནང་འདུག

འདི་ལོའི་གྲོས་གཞི་ཁག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། དགོངས་བཞེད་ཁྱབ་འཕེལ་གཏང་རྒྱུ་དང་། བོད་དོན་འཐབ་རྩོད་སྲ་བརྟན་གཏོང་ཐབས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་བཅས་ཡིན་པ་རེད།

གཞན་ཡང་ཚོགས་འདུའི་ཐོག་ཡོང་འགྱུར་ཕྱི་ཟླ་ ༡༠ པའི་ནང་རྡ་ས་བོད་ཕྲུག་ཁྱིམ་སྡེ་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐུན་མོང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་བ་མ་ཟད། དེ་བཞིན་དགའ་ལྡན་ཕོ་བྲང་བོད་མི་རིགས་དང་རྒྱལ་ཁབ་ལ་གལ་གནད་ཆེ་བའི་ཁར་བོད་ཀྱི་འཐབ་རྩོད་ལ་ལམ་སྟོན་ཆེད་དགོས་གལ་གྱི་གྲོས་ཆོད་ཅིག་ཀྱང་གཏན་འབེབས་གནང་ཡོད་འདུག

རྗེས་ལོའི་ནང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉེར་གཅིག་པ་དེ་བཞིན་ཀྲོ་རོན་ཊོར་ཕྱི་ཟླ་ ༩ ཚེས་ ༢ ནས་ ༤ བར་འཚོག་རྒྱུའི་ཐག་གཅོད་གནང་སྟེ་ཐེངས་འདིའི་ཚོགས་འདུ་ལེགས་པར་མཇུག་བསྒྲིལ་གནང་འདུག་པ་བཅས།།