བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་རྒྱ་གར་མངའ་སྡེ་ཨུ་ཊར་ཁན་ཌའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་ནས་གཞུང་འབྲེལ་ས་བགོས་ལེགས་པར་གྲུབ་པ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༤ ནས་ ༡༡ བར་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་ཡོད། དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་སྐབས་དང་བསྟུན། རྒྱ་གར་མངའ་སྡེ་ཨུ་ཊར་ཁན་ཌའི་སྲིད་སྐྱོང་སྐུ་ཞབས་ Retired Lt General Gurmit Singh མཆོག་གི་བཞུགས་གནས་སུ་མཇལ་འཕྲད་གནང་སྟེ་རྒྱ་གར་གཞུང་དང་མི་མང་རྣམས་ནས་ད་བར་བོད་དང་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། མུ་མཐུད་དེ་ལས་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ཉིན་ལྔ་པར་སྤྱི་འཐུས་རྣམ་པ་གཉིས་ནས་དོན་གྲུབ་གླིང་གཞིས་ཆགས་སུ་ས་གནས་བོད་མི་རྣམས་ལ་མཇལ་འཕྲད་དང་གསུང་བཤད་གནང་འདུག

དེ་བཞིན་སྨིན་གྲོལ་གླིང་དགོན་པ་དང་། བདེ་ཆེན་ཆོས་འཁོར་གླིང། མཆོད་རྟེན་བཀྲ་ཤིས་སྒོ་མང་བཅས་ལ་མཆོད་མཇལ་དུའང་ཕེབས་ཡོད་འདུག བོད་མིའི་གཞིས་ཆགས་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢ བར་བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༥ ཡི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་པ་དང་། སྐབས་དེར་མང་ཚོགས་ལ་དུས་དྲན་སྐོར་གསུང་བཤད་ཀྱང་གནང་ཡོད་འདུག དེ་ནས་ཕྱི་ཚེས་ ༡༡ ཉིན་སྡེ་ར་སྡུན་ནས་སྣུམ་འཁོར་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་འབྱོར་ཡོད་པ་བཅས།