བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ།

 ༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༤ ནས་ ༡༡ བར་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་ཡོད་པ་ལྟར་ལས་དོན་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ཉིན་གསུམ་པར་མངོན་དགའ་སློབ་གྲྭར་གཟིགས་ཞིབ་དང་འབྲེལ་བློ་རིག་ལྡན་པའི་འཛིན་གྲྭའི་སྒོ་འབྱེད་མཛད་གནང་བ་དང་། དེ་རྗེས་རཇ་པུར་གྲོང་ཁྱེར་དུ་མི་མང་འདུ་འཛོམས་དང་མ་སུ་རི་བོད་ཁྱིམ་སློབ་གྲྭར་གཟིགས་ཞིབ། དེ་བཞིན་བོད་ཀྱི་བུད་མེད་ཚོགས་པའི་ཚོང་ཁང་དང་སྨན་རྩིས་ཁང་གི་ཡན་ལག་ཁང་བཅས་ལ་གཟིགས་ཞིབ་གནང་འདུག

དེ་ནས་ཚེ་རིང་དོན་ལྡན་གཞིས་ཆགས་སུ་མི་མང་ལ་འདུ་འཛོམས་ཕེབས་ཡོད་པ་དང་། གཞིས་ཆགས་ཀྱི་འཕྲོད་བསྟེན་ལས་གཞིར་གཟིགས་ཞིབ་གནང་འདུག

ཉིན་རྗེས་མ་དེར་སྤྱི་འཐུས་རྣམ་གཉིས་ནས་བདེ་སྐྱིད་གླིང་དང་གླིང་ཚང་གཞིས་ཆགས་ཀྱི་མང་ཚོགས་ལ་བཀའ་སློབ་ལམ་སྟོན་དང་མི་མང་གི་བསམ་ཚུལ་བསྡུ་ལེན་གནང་ཡོད་པ་དང་། བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭར་ལྟ་ཞིབ་གནང་བ་མ་ཟད། རཇ་པུར་ས་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་རང་བྱུང་ཁམས་ཀྱི་དུས་ཆེན་བཀོད་སྒྲིག་བྱེད་པོ་རེ་ནུ་པོལ་དང་ལྷན་དུ་ཚོགས་འདུ་འཚོགས་གནང་ཡོད་འདུག་པ་བཅས།