བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་དབུ་འཛུགས་གནང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༤ ནས་ ༡༡ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་ཡོད་པ་ལྟར་ལས་དོན་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཟླ་ ༣ ཚེས་ ༤ ཉིན་གྱི་ཕྱི་དྲོར་སྡེ་ར་ལྡུན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་འབྲི་གུང་བཀའ་བརྒྱུད་དགོན་པ་དང་། ས་སྐྱ་དགོན་པ་གཉིས་ལ་མཆོད་མཇལ་དང་དེ་རྗེས་སྲོང་བཙན་དཔེ་མཛོད་ལ་གཟིགས་སྐོར་ལ་ཕེབས། ཉིན་རྒྱབ་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཡོད་པའི་གཞིས་ཆགས་ཀྱི་ས་གནས་འགོ་ཁྲིད་སོགས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འདུ་བསྐོང་གནང་ཡོད་འདུག ཁོང་གཉིས་ནས་ས་གནས་སུ་ཡོད་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་ཆུ་ཚགས་ལས་གཞི་ལའང་གཟིགས་སྐོར་གནང་ཡོད།

ཕྱི་ཚེས་ ༦ ཉིན་མ་སུ་རི་ཡི་སཾ་བྷོ་ཊ་གཏན་སློབ་དང་བོད་ཁྱིམ་སློབ་གྲྭ་གཉིས་ལ་གཟིགས་སྐོར་དང་། བཀའ་སློབ་གསུང་བཤད་གནང་ཡོད། དེ་བཞིན་སྤྱི་འཐུས་རྣམ་གཉིས་ནས་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གྲོང་སྡེ་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ ཝི་ནོ་ཏི། ཅ་མོ་ལི་མཆོག་མཇལ་འཕྲད་གནང་ཡོད་པ་བཅས།