བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་བ། 

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༤ ནས་ ༡༡ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་ཡོད། དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཟླ་ ༣ ཚེས་ ༤ ཉིན་སོ་སོའི་བཞུགས་གནས་ནས་སྡེ་ར་ལྡུན་ཁུལ་ལ་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༥ ཉིན་སྡེ་ར་ལྡུན་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། དགོན་སྡེ་ཁག དེ་བཞིན་ས་གནས་རྒྱ་གར་ཚོགས་པ་ཁག་བཅས་ལྷན་མཇལ་འཕྲད་དང་། བཞུགས་མོལ་ཚོགས་འདུ་འཚོགས་རྒྱུ། ཕྱི་ཚེས་ ༦ ཉིན་མ་སུ་རི་སློབ་གྲྭ་ཁག་གཉིས་སུ་ལས་རིམ། ཕྱི་ཚེས་ ༧ ཉིན་ར་ཇཱ་སྤུར་སློབ་གྲྭ་དང་ཚེ་རིང་དོན་ལྡན་གླིང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༨ ཉིན་བདེ་སྐྱིད་གླིང་དང་གླིང་ཚང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༩ ཉིན་དོན་གྲུབ་གླིང་གཞིས་ཆགས་སུ་ལས་རིམ་དང་གཞིས་ཆགས་གསར་པར་འཚམས་གཟིགས། ཕྱི་ཚེས་ ༡༠ ཉིན་གསུམ་བཅུ་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་རྗེས་ས་གནས་རྒྱ་གར་ཚོགས་པ་ཁག་དང་ལྷན་མཇལ་འཕྲད་དང་བཞུགས་མོལ་ཚོགས་འདུ་བཅས་འགྲུབ་རྗེས། ཕྱི་ཚེས་ ༡༡ ཉིན་བཞུགས་སྒར་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།