བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་མའེ་སོར་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་སྦེང་ལོར་གྲོང་ཁྱེར་ས་གནས་གྲོས་ཚོགས་འཐུས་མི་ར་མ་ལི་ག་རི་ཌིའི་ MLA Mr. Ramalinga Reddy དང་སོམ་ཡ་རི་ཌིའི་ MLA Ms. Soumya Reddy གཉིས་གཙོས་པའི་གནད་ཡོད་མི་སྣ་འགའ་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་ཞུ་གཏུགས་གནང་བ་དང་། སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་སྦེང་ལོར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་འགའ་དང་། ལྷོ་སྤྱི་ཟུར་པ་བཀྲ་ཤིས་དབང་འདུས། ལྷོ་སྤྱི་ལས་ཁུང་གི་ལས་བྱེད་བཅས་ལྷན་དུ་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་། ལྷོ་སྤྱིའི་ཁྱབ་ཁོངས་སྦེང་ལོར་བོད་ཁྱིམ་མཐོ་སློབ་དང་། སྦེང་ལོ་སྨན་རྩིས་ཁང་ཡན་ལག བོད་ཀྱི་སྨན་རྩིས་འཇམ་དཔྱད་ཁང་། བོད་མིའི་ཁྲོམ་ས་ཁག་གཉིས། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་། སྦེང་ལོར་བོད་ཀྱི་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་། མའེ་སོར་བོད་ཀྱི་སྡོད་ཁང་བཅས་ལ་ཉིན་འགའི་རིང་གཞུང་འབྲེལ་ལས་རིམ་གྲུབ་སྟེ་རིམ་པས་སྦེལ་ཀོབ་ལུགས་བསམ་དང་། མེངྒ་ལོར་སོགས་ལས་རིམ་མུ་མཐུད་བསྐྱང་རྒྱུ་ཡིན་པ་རེད་འདུག