བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

 


༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་ཉིན་གྲངས་ལྔའི་རིང་གི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༢༢ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་སྦེལ་ཀོབ་ལུགས་བསམ་མི་མང་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། དྲི་བ་དྲིས་ལན་གནང་བ་དང་། དེ་རྗེས་སོ་ཝ་སེ་ཐཱ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་ (Swastha Center for Special Education & Rehabilitation) ཡིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་འབྲེལ་བའི་མཛད་སྒོ་ཞིག་དེ་གའི་སློབ་གྲྭར་ཚོགས་པའི་ཐོག་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་གདན་ཞུས་ལྟར་ཆེད་བཅར་གྱིས་སློབ་གྲྭའི་འགན་འཛིན་དང་ཐུག་འཕྲད་གནང་འདུག

སྐབས་དེར་གཞིས་ཆགས་གསར་རྙིང་གཉིས་ཀྱི་ས་གནས་འགོ་འཛིན་དང་། ལུགས་བསམ་མཉམ་འབྲེལ་ཚོགས་གཙོ་གཙོས་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ་བཅས་མཉམ་བཅར་དང་། དེ་བཞིན་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པ་ (India-Tibet Friendship Society) ཡང་མཉམ་ཞུགས་གནང་འདུག


དེ་ཉིན་ཕྱི་དྲོ་གཞིས་ལས་ཁང་དང་། མཉམ་འབྲེལ་ལས་ཁུངས་གཉིས་ལ་གཟིགས་སྐོར་དང་། དེ་རྗེས་ཆོས་རྗེ་སྒ་ཨ༔དབྱང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་སྐུ་གདུང་ལ་མཇལ་བཅར་དང་། དགོན་པར་གནས་གཟིགས་གནང་།

དགོང་དྲོ་གཞིས་ལས་ཁང་དང་། མཉམ་འབྲེལ་གཉིས་ཟུང་འབྲེལ་ཐོག་ནས་སྤྱི་འཐུས་རྣམ་པ་གཉིས་ལ་གཞུང་འབྲེལ་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་གནང་བ་དང་། ཕྱི་ཚེས་ ༢༣ ཉིན་ཞོགས་པ་ས་གནས་འགོ་འཛིན་གཙོས་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པས་ཕེབས་སྐྱེལ་ཞུས་པ་བཅས་ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེངྒ་ལོར་དང་། སྦེང་ལོར། མའེ་སོར། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་བཅས་ཀྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།