བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ནས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་རྣམ་པ་གཉིས་བཞུགས་སྒར་རྡ་རམ་ས་ལ་ནས་སྔ་དྲོ་ཆུ་ཚོད ༨།༣༠ ཐོག་ཕེབས་ཐོན་གྱིས་ཉིན་གུང་ཆུ་ཚོད་ ༡།༠༠ པོའི་ཐོག་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ས་གནས་འགོ་འཛིན་སྐལ་བཟང་བསྟན་འཛིན་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་ཀྱིས་གཙོས་ཚོགས་མི་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ། ཌལ་ཧོར་སཾ་བྷོ་ཊ་སློབ་གྲྭའི་འགན་འཛིན། ས་གནས་སྨན་རྩིས་ཁང་གི་སྨན་པ། ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གསུམ་གྱི་ཚོགས་གཙོ། གཞན་ཡང་སྤྱི་མི་བརྒྱ་དཔོན་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་པ་དང་། དེ་ནས་ཆུ་ཚོད་ ༡།༣༠ ཐོག་ཌལ་ཧོར་ཁྲོམ་དཀྱིལ་དུ་ཡོད་པའི་ (Kwality) ཟ་ཁང་ནང་ཚོགས་པ་གསུམ་གྱི་གོ་སྒྲིག་འོག་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ནས་ཐོག་མར་ཌལ་ཧོར་ས་གནས་དགོན་པ་བློ་གསལ་གླིང་སྒྲོལ་མ་ལྷ་ཁང་དུ་གནས་གཟིགས་ལ་ཕེབས་པ་དང་། དེ་རྗེས་ཌལ་ཧོར་ཁྲོམ་དཀྱིལ་ (GPO) རུ་ཡོད་པའི་བོད་པའི་ཚོང་པ་སྐྱིད་སྡུག་ནས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུ་དང་སྦྲགས། བོད་པའི་ཁྲོམ་སར་ཆེད་ཕེབས་ཀྱིས་ཁྲོམ་སའི་གནས་སྟངས་ལ་གཟིགས་ཞིབ་གནང་བ་དང་།

ཆུ་ཚོད་ ༣།༠༠ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་ཌལ་ཧོར་མི་མང་སློབ་གྲྭ་ (Dalhousie Public School) ཡི་འགན་འཛིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཇི་ ཨེ་སི་ དྷི་ལོན་ (Dr. G. S Dhillon) ལགས་དང་ལྷན་མཇལ་འཕྲད་ཀྱིས་མཚམས་འདྲིའི་མཇལ་དར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་ ‘བོད་དང་བོད་མིའི་མགྲིན་ཚབ།ཅེས་པ་ཕུལ་བ་དང་སྦྲགས། བོད་དོན་སྤྱི་དང་། ས་གནས་བོད་མི་རྣམས་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

ཆུ་ཚོད་ ༤།༠༠ པའི་ཐོག་ཌལ་ཧོར་ས་གནས་ཀྱི་བཟོ་གྲྭའི་ཁྱབ་ཁོངས་རྒྱུད་སྟོད་ཕྱོགས་ཀྱི་ལས་ཤག་ཏུ་གཟིགས་སྐོར་དང་། དེ་ནས་བོད་མིའི་སྡོད་སྒར་གཞིས་ཆགས་ཚེ་རིང་ཁང་དང་། སྐལ་བཟང་ཁང་བཅས་ལ་གཟིགས་སྐོར་ཕེབས་ཏེ། ས་གནས་མི་མང་གི་བསམ་ཚུལ་ལ་གསན་ཞིབ་བཅས་གནང་རྗེས། ས་གནས་བཟོ་གྲྭའི་ལས་ཁུངས་ཀྱི་གོ་སྒྲིག་འོག་ (Alps) ཟ་ཁང་དུ་སྤྱི་འཐུས་རྣམ་གཉིས་ལ་དགོང་ཚིགས་འདེགས་འབུལ་ཞུས་གནང་ཡོད་པ་བཅས།