བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ།


༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་གྷོ་བ་ཧ་ཀྲི་དང་། ཤིས་ལོངས། བསྟན་འཛིན་སྒང་གཞིས་ཆགས་བཅས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༣ ནས་ ༡༩ བར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར་འབུམ་སྡེ་ལ་དང་། དགའ་འཆམ། མོན་རྟ་དབང་། རྡི་རང་སོགས་ཀྱི་ནང་མངའ་སྡེའི་དཔོན་རིགས་མཇལ་འཕྲད་དང་། ས་གནས་མི་མང་སོ་སོར་ཐུག་འཕྲད་ཀྱིས་བདེ་སྡུག་གཟིགས་ཞིབ་དང་གསུང་བཤད། སྡེ་ཚན་ཁག་ལ་གཟིགས་སྐོར་སོགས་གནང་སྟེ། ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༣ ཉིན་གུང་ཆུ་ཚོད་ ༡།༠༠ ཐོག་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་གཞིས་ཆགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་མཚམས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་རླང་འཁོར་བརྒྱུད་འབུམ་སྡེ་ལར་ཕེབས་ཐོན་གྱིས་ཆུ་ཚོད་ ༣།༠༠ ཙམ་གྱི་ཐོག་དེ་གར་འབྱོར་སྐབས། འབུམ་སྡེ་ལའི་ས་གནས་འབྲེལ་མཐུད་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་དང་སྦྲགས། འབྲེལ་མཐུད་ལས་ཁུངས་སུ་འབུམ་སྡེ་ལ་ས་གནས་དང་། ཁྱབ་ཁོངས་དགའ་འཆམ་བོད་པའི་མི་མང་ཚོགས་འདུ་བསྐོངས་ཏེ། བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། ས་གནས་མི་མང་གི་བདེ་སྡུག་དང་འབྲེལ་བསམ་ཚུལ་བསྡུ་ལེན་གནང་རྗེས་མི་མང་ཚོགས་འདུ་གྲུབ་པ་དང་། དེ་ནས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། ས་གནས་ཀྱི་གནས་སྟངས་ཐོག་བསམ་ཚུལ་བསྡུ་ལེན་ཞིབ་ཕྲ་གནང་རྗེས། འབུམ་སྡེ་ལའི་རང་བདེན་ཚོགས་ཆུང་གི་ཚོགས་ཁང་དང་། གུ་རུ་དགོན་པ། ས་གནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གཙུག་ལག་སློབ་གཉེར་ཁང་བཅས་ལ་མཆོད་མཇལ་དང་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་འབུམ་སྡེ་ལ་ནས་ས་གནས་འགོ་འཛིན་ལྷན། ལམ་ཞུགས་ཀྱིས་ཟེ་ལ་བརྒྱུད་མོན་རྟ་དབང་ལ་ཕེབས་ཐོན་གནང་ཞིང་། ཉིན་གུང་ཆུ་ཚོད་ ༡།༣༠ ཐོག་མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་དུ་མཆོད་མཇལ་ལ་ཕེབས་པ་དང་། སྐབས་དེར་དགོན་པའི་ཆོས་རྗེ་བླ་མ་ཉི་མ་བཀྲ་ཤིས་མཆོག་ནས་ཕེབས་བསུའི་སྣེ་ལེན་དང་། དགོན་པའི་འདུ་ཁང་དུ་མཆོད་མཇལ་སོགས་ཞུས་རྗེས། ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་གནང་བ་དང་། དེ་ནས་མར་པ་ཆོས་ཀྱི་བློ་གྲོས་སློབ་གྲྭ་སོགས་ལ་གཟིགས་སྐོར་ཕེབས་ཐོན་གནང་ཡོད། ཕྱི་དྲོ་མོན་རྟ་དབང་དུ་ཕེབས་འབྱོར་མཚམས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་འགོ་འཛིན་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ལྷན། སྤྱི་འཐུས་རྣམ་གཉིས་ནས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་གཟིགས་སྐོར་མཆོད་མཇལ་གནང་བ་དང་། སྐབས་དེར་དགོན་པའི་མཁན་རིན་པོ་ཆེ་དང་། ཕྱག་མཛོད་བཅས་ནས་ཕེབས་བསུ་སྣེ་ལེན་དང་བཅས་འདུ་ཁང་དང་། འགྲེམས་སྟོན་ཁང་། དེ་བཞིན་ཡིག་ཚང་བཅས་སུ་སྣེ་ལེན་ཐོག དགོན་པའི་བྱུང་རབས་དང་། ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ལ་ངོ་སྤྲོད་དང་ཕྱག་རྟགས་བཅས་གནང་བ་དང་།

ཆུ་ཚོད་ ༡༡།༣༠ ཐོག་སེ་ར་བྱེས་ཀྱི་ཡན་ལག་དགོན་པ་སེར་བྱེས་འཇམ་དབྱངས་ཆོས་གླིང་དུ་མཆོད་མཇལ་དང་གཟིགས་སྐོར་ལ་ཕེབས་ཤིང་། དེའི་སྐབས་དགོན་པའི་མཁན་པོ་དང་། ཕྱག་མཛོད་དགེ་རྒན་བཅས་ནས་སྣེ་ལེན་ཕེབས་བསུ་དང་སྦྲགས་མཆོད་མཇལ་དང་། དེ་ནས་དགོན་པའི་ཕྱག་མཛོད་ཁང་ལ་གདན་ཞུས་ཀྱིས་ཕྱག་མཛོད་མཆོག་ནས་དགོན་པའི་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་དགོན་པའི་སློབ་གཉེར་བ་རྣམས་ཀྱི་སློབ་གཉེར་གནང་ཕྱོགས་སྐོར་ལ་ངོ་སྤྲོད་ཞུས་མཚམས་ཕྱག་རྟགས་གནང་རྗེས། ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ཨོ་རྒྱན་གླིང་དུ་མཆོད་མཇལ་ཞུས་གནང་འདུག

ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་རྟ་དབང་ཁུལ་དུ་བཞུགས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་རྒྱལ་ཚེ་རིང་མཆོག་གི་གོ་སྒྲིག་འོག ཁོང་གི་གཟིམ་ཤག་ནང་ཞོགས་ཟས་དང་ལྷན་དུ་བོད་དོན་ཐོག་ཕན་ཚུན་དགོངས་ཚུལ་བརྗེ་ལེན་དང་། སྤྱི་འཐུས་རྣམ་གཉིས་ནས་དེ་ཁུལ་གནས་སྡོད་བོད་མི་ཚོར་སྔ་བཞིན་གཟིགས་སྐྱོང་གནང་སྐྱོང་ཡོང་བའི་སྐོར་ཞུས། ཆུ་ཚོད་ ༡༠ པའི་ཐོག་མོན་རྟ་དབང་ཁུལ་ལ་ཡོད་པའི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་ཁང་དུ་མི་མང་ཚོགས་འདུ་བསྡུ་བསྐོང་གནང་ཞིང་། སྐབས་དེར་བསྟན་འཛིན་སྒང་ས་གནས་འགོ་འཛིན་དང་འབུམ་སྡེ་ལའི་ཁ་འཐོར་གཞིས་ཆགས་ཀྱི་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་རྒྱུན་ལས་སོགས་མི་མང་རྣམས་ལྷན་འཛོམས་ཐོག

སྤྱི་འཐུས་དགེ་བཤེས་ལྷ་རམས་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕེལ་རིམ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་།

སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བ་མ་ཟད། མང་ཚོགས་ཀྱི་དྲི་བ་དང་དགོངས་ཚུལ་ཁག་ལ་ལན་འདེབས་གསལ་བཤད་ཞུས་གནང་འདུག

ཉིན་གུང་ཆུ་ཚོད་ ༢།༠༠ པའི་ཐོག་རྟ་དབང་ནང་གི་གསར་ཁང་ East Today ཞེས་པའི་གསར་འགོད་པའི་བརྙན་ལམ་བཅར་འདྲིར་དང་ལེན་གྱིས་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་གིས་བོད་ནང་གི་ཛ་དྲག་གནས་ཚུལ་སོགས་ཀྱི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་འགན་འཛིན་འཇམ་དཔལ་དབང་འདུས་མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་སྐོར་སྙན་གསན་ཞུས་པ་དང་སྦྲགས། སྤྱི་ཡོངས་ཀྱི་གནད་དོན་སྐོར་བཀའ་བསྡུར་དང་དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་ཧིན་བོད་ས་མཚམས་ཁུལ་དུ་གཟིགས་སྐོར་དང་། ཕྱི་ཚེས་ ༡༨ ཉིན་རྟ་དབང་ཁུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་ནས་སྔ་དྲོ་སླར་ཡང་ལམ་ཞུགས་ཀྱིས་རྡི་རང་དུ་ཕེབས་ཐོན་གནང་ཞིང་། སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་མོན་ཇོ་ནང་བཀྲིས་ཆོས་ཐང་དགོན་དུ་མཆོད་མཇལ་ལ་ཕེབས་པ་དང་། སྐབས་དེར་དགོན་པའི་འཛིན་སྐྱོང་གནང་མཁན་དགེ་བཤེས་ལགས་དང་། ལས་བྱེད་བཅས་ནས་ཕེབས་བསུ་སྣེ་ལེན་དང་བཅས་དགོན་པར་མཆོད་མཇལ་དང་། གསོལ་ཇ་སོགས་གོ་སྒྲིག་ཞུས་འདུག་པ་དང་།

ཆུ་ཚོད་ ༡༡།༣༠ ཐོག་རྡི་རང་ས་གནས་སུ་ཕེབས་འབྱོར་མཚམས། དུས་འཁོར་ལྷ་ཁང་གི་སྐུ་གཉེར་དང་། ཡུལ་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་དང་བཅས་དུས་འཁོར་ལྷ་ཁང་དུ་མཆོད་མཇལ་དང་། དེ་རྗེས་ཆུ་ཚོད་ ༡༢།༣༠ ཐོག་སླར་ཡང་ལམ་ཞུགས་ཀྱིས་རྡི་རང་ཐུབ་བསྟན་ཆོས་གླིང་དགོན་དུ་མཆོད་མཇལ་ཞུས་རྗེས། ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག

ཉིན་གུང་ཆུ་ཚོད་ ༢།༠༠ པའི་ཐོག་མཎྜལ་སྒང་དུ་གསར་བཞེངས་གནང་བའི་མཆོད་རྟེན་བརྒྱ་དང་བརྒྱད་ཡོད་སར་མཆོད་མཇལ་དང་། ཆུ་ཚོད་ ༣།༣༠ ཐོག་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པའི་ཐུབ་བསྟན་མདོ་སྔགས་འོད་གསལ་དར་རྒྱས་གླིང་དགོན་པར་མཆོད་མཇལ་ལ་ཕེབས་པ་དང་། སྐབས་དེར་དགོན་པའི་ཕྱག་མཛོད་དང་། སློབ་དགེ་གཉིས་ཀྱིས་སྣེ་ལེན་ཕེབས་བསུ་དང་། གསོལ་ཇ་བཞེས་ཏོག་སོགས་གོ་སྒྲིག་ཞུས་གནང་འདུག

ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་མོན་ཕུད་དུང་རྡོ་ར་སྤྱན་རས་གཟིགས་དགོན་པར་ཕེབས་འབྱོར་བྱུང་བ་དང་། དེ་གའི་ཕྱག་མཛོད་དང་། དགེ་རྒན་རྣམས་ཀྱིས་ཕེབས་བསུ་དང་། གསོལ་ཇ་བཞེས་ཏོག་འདེགས་འབུལ་དང་འབྲེལ། ཕྱག་མཛོད་ལགས་ཀྱིས་དགོན་པའི་སྐོར་ངོ་སྤྲོད་གནང་འདུག

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་མོན་ཕུད་དུང་ནས་མར་བསྟན་འཛིན་སྒང་ལ་ཕེབས་ཐོན་གྱིས་ཆུ་ཚོད་ ༩།༠༠ པའི་ཐོག་ས་གནས་སུ་ཕེབས་འབྱོར་མཚམས། ས་འགོ་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་གསོལ་ཇ་སོགས་གོ་སྒྲིག་དང་། ཕྱི་ཚེས་ ༢༠ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་གྷོ་ཝ་ཧ་ཀྲིའི་གནམ་ཐང་དུ་ཕེབས་འབྱོར་དང་། ཉིན་གུང་ཆུ་ཚོད་ ༡།༠༠ པོའི་ཐོག་ཕྱིར་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།