བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅར་མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༡ ཉིན་གྱི་དགོང་མོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག  འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་གཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་ཚད་མ་རྣམ་འགྲེལ་གྱི་ཆོས་ཐོག་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་ཚོགས་ཡོད་པ་དང་།

སྐབས་དེར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་མཉམ་ཞུགས་གནང་ཡོད།

མཚན་ཕུད་དམ་བཅའི་སྐབས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་། འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་འདུན་པ་གསུམ་དམ་བཅའ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་། འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་རྟགས་གསལ་བཏང་གནང་མཛད།

འདི་ལོའི་འཇང་དགུན་ཆོས་ལ་གདན་ས་གྲྭ་ཚང་དྲུག་དང་། གསང་ཆེན་རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ་དང་། ར་སྟོད། རྩེ་རྣམ་རྒྱལ་གྲྭ་ཚང་། དྭགས་པོ་གྲྭ་ཚང་། བཀྲ་ཤིས་འཁྱིལ་ལ་སོགས་པའི་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ནས་དགེ་འདུན་ཞལ་གྲངས་ ༧༠༠༠ ལྷག་ཙམ་འཛོམས་ཡོད་པ་རེད།

དེ་ཡང་འཇང་དགུན་ཆོས་ཆེན་པོ་ནི་སྔ་མོ་བོད་དུ་ལྷ་སའི་ལྷོ་རྒྱུད་དུ་ཡོད་པའི་འཇང་ཟེར་བའི་ས་ཆ་དེར་དགུན་གྱི་ཆོས་ཐོག་ཆེན་མོ་ཚད་མའི་གཞུང་ལ་བསྲེགས་བཅད་བརྡར་གསུམ་གྱིས་བརྒལ་བརྟགས་མཛད་པའི་ལམ་སྲོལ་ཡོད་པ་དེ་ཡིན་ཞིང་། ཕྱིས་སུ་བཙན་བྱོལ་དུ་སླེབས་པའི་རྗེས་སུའང་ལོ་ལྟར་དགུན་གྱི་ཆོས་ཐོག་ཏུ་ཚད་མའི་གཞུང་ལ་སློབ་གཉེར་ཟླ་བ་གཅིག་གི་རིང་ལ། གདན་ས་གསུམ་དུ་རེས་མོས་ཐོག་སྐོར་བ་རྒྱག་གི་ཡོད་པས། འདི་ལོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་འཚོག་བཞིན་ཡོད།

འཇང་དགུན་ཆོས་ནི་གདན་ས་གསུམ་གཙོ་བོར་གྱུར་པའི་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་དགེ་འདུན་པ་གཞོན་གྲས་རྣམས་ཀྱིས། སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱིས་གཙོས། འཕགས་བོད་མཁས་པ་རྣམས་ཀྱིས་མཛད་པའི་ཚད་མའི་གཞུང་ལ་སྦྱང་པ་ཚད་མཐོ་ཤོས་མཛད་པའི་ཆོས་ཐོག་ཅིག་ཆགས་བསྡད་ཡོད།

དེ་བཞིན་སྤྱི་ནོར་༧གོང་ས ༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་ཆེན་བཀའ་པོད་ལྔ་ཡི་ནང་ནས་ཚད་མའི་གཞུང་ལ་སྔར་གྱི་འཇང་དགུན་ཆོས་ལྟ་བུའི་ཐོས་བསམ་སློབ་གཉེར་བྱ་རྒྱུའི་སྲོལ་བཟང་པོ་ཡོད་པ་དེ། དབུ་མ་དང་ཕར་ཕྱིན་གཉིས་ལའང་དགོས་པའི་ལམ་སྟོན་ཡང་ཡང་ཕེབས་པར་བརྟེན། ད་ལྟའི་ཆར་འཇང་དགུན་ཆོས་ལྟ་བུའི་དབུ་ཕར་གྱི་གཞུང་ལའང་། བྱམས་ཆོས་དང་རིགས་ཚོགས་ཀྱི་ཆོས་ཐོག་ཅེས་ལམ་སྲོལ་གཏོད་ནས་ལོ་ངོ་བཅུ་ཕྲག་ཡས་མས་སོང་ཡོད། ད་ལྟ་སེ་ར་ཐེག་ཆེན་གླིང་དུ་འཇང་དགུན་ཆོས་འཚོག་བཞིན་པའི་སྐབས་སུ། འབྲས་སྤུངས་སུ་གདན་ས་གསུམ་གཙོས་པའི་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་མཁན་གྱི་དགེ་འདུན་པ་རྣམས་ཀྱིས་བྱམས་ཆོས་དང་རིགས་ཚོགས་ཀྱི་ཆོས་ཐོག་འཚོགས་བཞིན་ཡོད།

མཚན་ཕུད་དམ་བཅའི་སྐབས་ སྤྱི་འཐུས་རྣམ་པ་གཉིས་ཀྱི་ལྷན་ཕྱོགས་བཞུགས་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག  དེ་བཞིན་སྦེལ་ཀོབ་ས་གནས་འགོ་འཛིན། ས་གནས་ལས་དྲུང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།