བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ས་བགོས་ལྟར་སྦེང་ལོར་དང་། སྦེལ་ཀོབ་བོད་མིའི་གཞིས་ཆགས། མེང་ལོར། མའེ་སོར་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་ལྟར་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༩ ནས་ཟླ་ ༡༢ པའི་ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་། སྦེང་ལོར། མེང་ལོར། མའེ་སོར་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ་ལེགས་གྲུབ་བྱུང་སྟེ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ཕྱིར་འབྲས་སྤུངས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་ལྡི་ལི་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་དང་ལྷན་ལྡི་ལིར་གྲོས་ཚོགས་བོད་དོན་ཞུ་སྐུལ་ལས་དོན་ཐོག་མཉམ་ཞུགས་གནང་།

དེ་ཡང་ཟླ་ ༡༢ ཚེས་ ༡ ཉིན་སྔ་དྲོ་ལྷོ་སྤྱི་ལས་ཁུངས་ཀྱི་སྒོ་འགྲམ་དུ་ལྷོ་སྤྱི་གཙོས་ལྷོ་སྤྱིའི་ལས་བྱེད་རྣམས་དང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་གཙོས་ལས་བྱེད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། དེ་རྗེས་ལྷོ་སྤྱིའི་ཚོགས་ཁང་དུ་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་སྨན་རྩིས་ཁང་། ཚོང་པའི་འཐུས་མི་སོགས་ཚོགས་སྡེ་ཁག་གི་ལས་སྣེ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་རྗེས། སྤྱི་འཐུས་གཉིས་ནས་ལས་དོན་ངོ་སྤྲོད་དང་། འཐུས་མི་རྣམ་པའི་དགོངས་ཚུལ། དོགས་དྲི་གནང་བ་སོགས་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཇོ་ཧན་སི་སྨན་ཞབས་མཐོ་སློབ་ (St, John’s College of Nursing) ཀྱི་སློབ་སྤྱི་ (Rev.Sr Sajitha Moothedan) མཆོག་དང་མཇལ་འཕྲད་ཀྱིས་ད་བར་མཐོ་སློབ་དེ་ནས་བོད་ཀྱི་ན་གཞོན་མང་པོ་ཞིག་ལ་སློབ་སྦྱོང་གི་མཐུན་རྐྱེན་གནང་བར་བཀའ་དྲིན་ཆེ་དང་། མ་འོངས་པར་སྔར་བཞིན་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག དེའི་རྗེས་མཐོ་སློབ་ཀྱི་ཚོགས་ཁང་དུ་དེ་གའི་ནང་ཡོད་པའི་སློབ་མ་ལྔ་བཅུ་ཙམ་ལ་སྤྱི་འཐུས་གཉིས་ནས་༧གོང་ས་མཆོག་གི་མཛད་རྣམ་དང་། བོད་མིའི་སྒྲིག་འཛུགས་ངོ་སྤྲོད། བོད་ནང་གི་ཛ་དྲག་གི་གནས་སྟངས། རྒྱལ་སྤྱིའི་ཐོག་ལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་ངོ་སྤྲོད་དང་། དགེ་སློབ་རྣམས་ལ་དྲི་བ་དྲི་ལན་གྱི་གོ་སྐབས་ཀྱང་གནང་ཡོད།

ཕྱི་དྲོ་ཆུ་ཚོད་ ༦ ཐོག་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ་ས་གནས་མི་མང་དང་སློབ་ཕྲུག་ལྷན་འཛོམས་ཐོག་སྔར་བཞིན་མི་མང་ལ་གཏམ་བཤད་དང་། མི་མང་གི་བསམ་ཚུལ། དེ་བཞིན་དྲི་བ་ཁག་ལ་ལན་འདེབས་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༢ ཀྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་སྦེང་ལོར་ཀོ་ར་མདྒ་ལ་སྨན་རྩིས་ཁང་དུ་འཚམས་གཟིགས་དང་། སྨན་རྩིས་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་ཡོད།

དེ་རྗེས་ཆུ་ཚོད་ ༡༢ ཐོག་ཉེ་ཆར་གསར་དུ་བསྐོ་གཞག་གནང་བའི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་འབུམ་རམས་པ་ར་ཇེ་ནི་ཤི་གྷོལ་ (Dr. Rajneesh Goel, IAS Chief Secretary of Karnataka) མཆོག་དང་མཇལ། སྤྱི་འཐུས་གཉིས་ནས་འབུམ་རམས་པ་ར་ཇེ་ནི་ཤི་གྷོལ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེའི་མཛད་འགན་བཞེས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། དེ་སྔོན་སྐུ་ཉིད་ཀྱིས་མངའ་སྡེའི་ནང་སྲིད་དྲུང་ཆེ་སོགས་ཀྱི་མཛད་འགན་བཞེས་སྐབས་བོད་དོན་སྤྱི་དང་། ལྷག་པར་དུ་ས་གནས་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་དང་། འབྱུང་འགྱུར་ཡང་མུ་མཐུད་བོད་དོན་འཐབ་རྩོད་དང་། ས་གནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་འདུག

དེ་ནས་རིམ་བཞིན་རྡུ་བ་ཚོང་རྭ་ (Dubai Plaza) དང་། ཞི་བ་ཇེ་ནགྷར་ (Shivajinagar) ཁྲོམ་རྭ། བོད་ཀྱི་ཁྲོམ་རྭ་དང་། བོད་ཀྱི་གསོལ་མགྲོན་ཁང་བཅས་ཀྱི་ཟ་ཁང་དང་ཚོང་ཁང་སོགས་ལ་འཚམས་གཟིགས་སུ་ཕེབས་པར་འཐུས་མི་སོ་སོའི་སྣེ་ལེན་དང་། ཕྱི་དྲོ་ཆུ་ཚོད་ ༧ ཐོག་ཀ་ཎ་ཊ་མངའ་སྡེར་ཡོད་པའི་མེ་སྲེའི་སྒྲོ་ཎ་ (Macedonia) གཞུང་ཚབ་འབུམ་རམས་པ་ཀེ་ཇེ་པུརུ་ཤ་ཏམ (Dr J,K Purushotham) མཆོག་དང་མཇལ། ཁོང་ནི་ཕྱོ་ལོ་ ༢༠༡༩ ལོར་ཤེ་རི་ལཱ་གར་འབར་རྫས་གས་གཏོར་འོག་སྲོག་སྐྱོན་མ་བྱུང་བའི་མི་གཅིག་པུ་དེ་ཡིན་ཞིང་། ཁོང་གི་ཚེ་སྲོག་མ་ཤོར་པ་ནི་ཕྱི་ལོ་ ༢༠༡༥ ལོར་༧གོང་ས་མཆོག་གི་མཇལ་ཁ་དང་བྱིན་རླབས་ཐོབ་པས་བཀའ་དྲིན་ཉག་གཅིག་ཡིན་པར་ངོས་འཛིན་དང་། ཉེ་ཆར་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༨ ཉིན་རྡ་སར་ཆེད་དུ་༧གོང་ས་མཆོག་གི་མཇལ་ཁར་བཅར་ཡོད་འདུག ཁོང་གིས་སྤྱི་འཐུས་གཉིས་གཟིམ་ཤག་ཏུ་སྣེ་ལེན་གནང་བ་དང་། སྤྱི་འཐུས་གཉིས་ནས་དེ་སྔོན་འཁྲུངས་སྐར་དུས་ཆེན་སྐབས་ཀྱི་འགྲོ་གྲོན་མཏུན་འགྱུར་གནང་བ་དང་། རྒྱུན་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་དང། མ་འོངས་པར་སྔར་བཞིན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༣ ཉིན་ཀར་ན་ཊ་ཀ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཐ་ཝར་ཅན་ཌི་གྷིལོ་ཊ་མཆོག (Shri Thawar Chand Gehlot, Hon’ble Governor of Karnataka) དང་མཇལ་ཏེ། བོད་ལུགས་མཇལ་དར་དང་ཕྱག་རྟགས་ཕུལ་རྗེས་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཀར་ན་ཊ་ཀ་མངའ་སྡེ་ནི་བོད་མི་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པས། མ་འོངས་པར་ཡང་བོད་གཞིས་བྱེས་མཉམ་འཛོམས་དང་། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་མངའ་གཞུང་ནས་མུ་མཐུད་མཐུན་འགྱུར་རོགས་རམ་གནང་དགོས་པ་གལ་ཆེན་ཡིན་པ་ཞུས་པ་དང་། སྲིད་སྐྱོང་མཆོག་གིས་བོད་དོན་སྤྱི་དང་བོད་པའི་རྒྱུན་གོམས་གཤིས་ལུགས་དང་འཚོ་བའི་གནས་སྟངས་སོགས་ལ་བཀའ་འདྲི་གནང་བར་ལན་འདེབས་གནང་བ་སོགས་བཀའ་མོལ་ལྷུག་པོ་བྱུང་ཡོད་འདུག  དེ་ནས་ལས་བྱེད་ཟུར་པ་ Dr. Madan Gopal Krishna མཆོག་དང་མཇལ། ཁོང་ནི་བོད་ལ་ཐེངས་མང་ཕེབས་མྱོང་ཡོད་པ་དང་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་རེད། སྦེལ་ཀོབ་གཞིས་ཆགས་སོགས་ལ་ཡུལ་མི་དང་འབྲེལ་བའི་ས་ཆའི་སྐོར་གྱི་རྩོད་གླེང་བྱུང་སྐབས་བོད་མི་ལ་རྒྱབ་སྐྱོར་གནང་མཁན་ཞིག་རེད་འདུག

ཕྱི་ཚེས་ ༤ སྔ་དྲོ་ཆུ་ཚོད་ ༡༠ པར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་འགན་འཛིན་ལས་ཚབ་དང་། སློབ་དགེ་སྤྱི་འཐུས་རིག་འཛིན་ལྷུན་འགྲུབ་ལགས། གསོ་རིག་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་དང་ལས་བྱེད་ཁག་ཅིག་བཅས་ཀྱི་སྣེ་ལེན་དང་འབྲེལ་སློབ་གྲྭའི་འཛིན་ཁང་དང་། དཔེ་མཛོད་སོགས་སྡེ་ཚན་ཁག་ལ་གཟིགས་སྐོར་ཞུས་ཏེ། མཐོ་སློབ་ཀྱི་ཚོགས་ཁང་ནང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་བཀའ་དྲིན། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། རྒྱལ་སྤྱིའི་གནས་བབས། རྒྱ་ནག་དང་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ལ་གཏམ་བཤད་མདོར་བསྡུས་གནང་རྗེས་དགེ་སློབ་རྣམས་ཀྱི་བསམ་ཚུལ་དང་དྲི་བ་ཁག་ལ་ལན་འདེབས་ཞུས་གནང་ཡོད་པ་རེད།

ཉིན་རྒྱབ་མའེ་སུར་གྱི་ Supreme Public School གྱི་སློབ་གྲྭའི་དགེ་སློབ་རྣམས་ལ་བོད་དོན་ངོ་སྤྲོད་དང་དྲི་བ་ཁག་ལ་ལན་འདེབས་ཞུས་གནང་ཡོད་འདུག།

དེ་ནས་མའེ་སོར་ལ་རྟེན་གཞི་བྱས་པའི་གཞན་ཕན་དགེ་རྩ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་མའེ་སུར་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་སྣེ་ལེན་ཐོག་དགེ་རྩ་ཚོགས་པ་ངོ་སྤྲོད་དང་། དགེ་རྩ་ཚོགས་པའི་མའེ་སུར་སློབ་ཕྲུག་སྡོད་ཁང་ལ་གཟིགས་ཞིབ་གནང་རྗེས་དགེ་རྩ་ཚོགས་པའི་ཐོག་ཁང་དུ་མའེ་སུར་གནས་སྡོད་སློབ་ཕྲུག་རྣམས་ལ་སྤྱི་འཐུས་གཉིས་ནས་སྔར་བཞིན་གཏམ་བཤད་དང་། སློབ་ཕྲུག་རྣམ་པའི་བསམ་ཚུལ་དང་དྲི་བར་ལན་འདེབས་གསལ་བཤད་གནང་།

ཕྱི་ཚེས་ ༥ ཉིན་ལུགས་བསམ་ས་གནས་འགོ་འཛིན་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ། དགོན་སྡེ་ཁག་གི་ཕྱག་འཛོད་དང་ཕྱག་དྲུང་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ། སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི། གྲོང་སྡེ་ཁག་གི་སྤྱི་མི། གཞོན་ནུ་དང་བུད་མེད་ཀྱི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་དང་། སེར་བྱེས་ཡིད་དགའ་ཆོས་གླིང་མགྲོན་ཁང་གི་ཚོམས་ཆེན་ནང་དུ་གསོལ་ཇ་ཞལ་ཏོག་གོ་སྒྲིག་གནང་ཡོད་པ་དང་། ས་གནས་འགོ་འཛིན་དང་ལྷན་མཛད་རིམ་ཁག་གོ་བསྡུར་དང་གཏན་འབེབས་གནང་།

ཕྱི་ཚེས་ ༦ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྦེལ་ཀོབ་གཞུང་སྤྱིའི་༧རྒྱལ་བའི་ཕོ་བྲང་དུ་གནས་མཇལ་དང་། སེ་ར་ཐེག་ཆེན་གླིང་བླ་སྤྱིའི་འདུ་ཁང་ཆེན་མོའི་ནང་དུ་སེ་ར་བྱེས་སྨད་གཉིས་དང་། གདན་ས་གྲྭ་ཚང་ཁག་ནས་འཇང་དགུན་ཆོས་ལ་ཕེབས་མཁན་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དབུས་སུ་མཛད་རིམ་ལྟར་དང་པོ་སེར་སྨད་མཁན་པོ་བཀྲ་ཤིས་ཚེ་རིང་མཆོག་གིས་ཕེབས་བསུའི་གཏམ་བཤད་གནང་བ་དང་། སྤྱི་འཐུས་གཉིས་ཀྱིས་རིམ་བཞིན་སྔར་ལྟར་༧གོང་ས་མཆོག་གི་མཛད་རྣམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། བོད་ནང་གི་ཛ་དྲག་གི་གནས་སྟངས། རྒྱལ་སྤྱིའི་ཐོག་ལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་ངོ་སྤྲོད་གྲུབ་མཚམས་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་ནས་ཆུ་ཚོད་ ༡༡ ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ལ་གནས་གཟིགས་ལ་བཅར་བར་ཕྱག་མཛོད་ལྷན་རྒྱས་ནས་ཕེབས་བསུ་དང་གནས་གཟིགས་གྲུབ་མཚམས་ཕྱག་མཛོད་ཁང་དུ་སྣེ་ལེན་གྱིས་གྲྭ་ཚང་རིན་པོ་ཆེ་ནས་སྤྱི་འཐུས་གཉིས་ལ་གཟེངས་བསྟོད་ཕྱག་རྟགས་རྗེ་བཙུན་སྒྲོལ་མ་དཀར་པོའི་སྐུ་འདྲ་རེ་ཕྱག་མཛོད་རྒན་པའི་ཕྱག་ནས་སྩལ་གནང་འདུག དེ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་ལ་གནས་གཟིགས་སུ་བཅར་བར་ཕྱག་མཛོད་ནས་ཕེབས་བསུ་གནང་། གནས་གཟིགས་གྲུབ་མཚམས་ཕྱག་མཛོད་ཁང་དུ་སྣེ་ལེན་གྱིས་གྲྭ་ཚང་རིན་པོ་ཆེ་ནས་སྤྱི་འཐུས་གཉིས་ལ་གཟེངས་བསྟོད་ཕྱག་རྟགས་ཐུབ་དབང་གི་སྐུ་འདྲ་རེ་ཕྱག་མཛོད་རྒན་པའི་ཕྱག་ནས་སྩལ་གནང་ཡོད་འདུག

དེ་རྗེས་རྒན་གསོ་ཁང་ལ་འཚམས་གཟིགས་ཐོག་རྒན་གསོ་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ཀྱིས་སྣེ་ལེན་དང་བགྲེས་སོང་རེ་རེའི་སར་ཁྲིད་ནས་ངོ་སྤྲོད་དང་སྤྱི་འཐུས་གཉིས་ནས་འཚམས་འདྲི་ཞུས་རྗེས་ཚོགས་ཁང་དུ་གསོལ་ཇ་ཞལ་ཏོག་གོ་སྒྲིག་གནང་ཡོད་འདུག སྤྱི་འཐུས་གཉིས་ནས་ལས་བྱེད་རྣམས་ཀྱིས་རྒན་གསོ་ཁང་གི་ཁོར་ཡུག་བདག་གཅེས་དང་བགྲེས་སོང་ཚོར་བྱམས་སྐྱོང་སོགས་ཧ་ཅང་ཡག་པོ་གནང་འདུག་པར་བསྔགས་བརྗོད་གནང་།

ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་མཇལ་ཁ་ཞུས་གནང་བ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ཐོག་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། ལྷག་པར་དུ་བོད་མི་ཚང་མས་ནང་དོན་རིག་པའི་ཐོག་ཤུགས་སྣོན་རྒྱག་དགོས་པའི་བཀའ་སློབ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ད་ལྟ་འགྲོ་བཞིན་པའི་ལས་འཆར་སྐོར་དྲི་བ་གནང་བར། སྤྱི་འཐུས་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་རྣམ་པ་སྡེ་ཚན་སོ་སོར་ཆ་བགོས་ཀྱིས་རྒྱ་གར་མངའ་སྡེ་ཁག་གི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་སྐོར་དང་། ད་ལྟའི་ཆར་སྡེ་ཚན་གསུམ་གྱིས་ཞུ་སྐུལ་འགྲོ་མུས་ཡིན་པའི་སྐོར་སྙན་སེང་ཞུས་པར། རིན་པོ་ཆེ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་འདིར་བསྔགས་བརྗོད་དང་། མ་འོངས་པར་ཡང་མུ་མཐུད་བོད་དོན་ཞུ་སྐུལ་གྱི་ལས་འགུལ་གང་མང་སྤེལ་དགོས་སྐོར་གསུངས་གནང་མཛད་འདུག མཇལ་འཕྲད་སྐབས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དང་། ལས་དྲུང་། སྤྱི་མི་བརྒྱ་དཔོན་ཁག་གི་སྐུ་ཚབ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་མཉམ་བཅར་ཞུས་འདུག

ཆུ་ཚོད་ ༣ ནས་རིམ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་ལས་ཁུངས། སྨན་རྩིས་ཁང་། འཚོ་བྱེད་སྨན་ཁང་། ལྷོ་ཕྱོགས་ཡན་ལག་རྩིས་ཞིབ་ལས་ཁུངས་བཅས་ལ་འཚམས་གཟིགས་ལ་བཅར་བར་ཁུངས་སོ་སོས་སྣེ་ལེན་དང་། ལས་དོན་དང་འབྲེལ་བའི་དྲི་བ་དང་གསལ་བཤད་ཁག་ལ་ལན་འདེབས་དང་ལམ་སྟོན་ཚུལ་བཞིན་ཞུས།

ཕྱི་ཚེས་ ༧ སྔ་དྲོ་ཆུ་ཚོད་ ༩ ནས་རིམ་བཞིན་དཔལ་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་དང་། དཔལ་ལྡན་འབྲུག་དཀར་སྒྲུབ་བརྒྱུད་ཐོས་བསམ་དར་རྒྱས་གླིང་། དཔལ་ཐེག་ཆེན་གླིང་དགོན་པ། བཀའ་བརྒྱུད་ནཱ་ལེནྜ་ལུང་རྟོགས་བསྟན་རྒྱས་གླིང་བཅས་ལ་གནས་གཟིགས་དང་། སཾ་བྷོ་ཊ་ཀེ་ལཱ་ཤ་པུར་དང་། ཞིང་འབྲོག་སྡེ་ཚན་བཅས་པར་འཚམས་གཟིགས་གནང་། དེ་རྗེས་གཞིས་ལས་ཁང་གི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་གཞི། ཉམ་ཐག་ཁག་ཅིག་གི་ཁང་པ་ཉམས་གསོ་དང་གསར་རྒྱག་འགྲོ་བཞིན་པ་དང་། གསར་རྒྱག་ཟིན་པ་ཁག་ཅིག་ལ་གཟིགས་ཞིབ་གནང་། ཆུ་ཚོད་ ༤ པའི་ཐོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ལ་གནས་གཟིགས་དང་། བཤད་གྲྭའི་འདུ་ཁང་ནང་དུ་བཤད་གྲྭའི་མཁན་པོ་དབུ་བཞུགས་ཐོག་གྲྭ་བཙུན་རྣམས་ལ་སྤྱི་འཐུས་གཉིས་ཀྱིས་སྔར་བཞིན་གཏམ་བཤད་གནང་རྗེས། དགོན་པའི་ལོ་འཁོར་རྒྱུགས་སྤྲོད་སྐབས་ཁེལ་ཡོད་པས་དྲི་བ་དྲི་ལན་མི་དགོས་པ་བྱས་ནས་ཕྱག་དྲུང་རྒན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་།

ཆུ་ཚོད་ ༦ པའི་ཐོག་དགོན་པའི་སྣེ་ལེན་ཚོམས་ཆེན་དུ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་དབུ་བཞུགས་ཀྱི་ལས་གནས་ཆེ་གྲས་རྣམས་དང་ལྷན་སྤྱི་འཐུས་གཉིས་ལ་གསོལ་ཚིགས་དང་། དགོན་པ་ནས་སྤྱི་འཐུས་གཉིས་ལ་ཕྱག་རྟགས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་བརྙན་རེ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེའི་ཕྱག་ནས་གསོལ་སྩལ་གནང་།

ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭར་འཚམས་གཟིགས་སུ་བཅར། སློབ་གྲྭའི་སློབ་སྤྱི་གཙོས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུའི་རུ་སྒྲིག་གནང་སྟེ་རྔ་རོལ་དང་བཅས་སྣེ་ལེན་ཐོག་སློབ་སྤྱི་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་ངོ་སྤྲོད་གནང་བ་དང་། སློབ་གྲྭའིི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་སྤྱི་འཐུས་གཉིས་ཀྱིས་སྔར་ལྟར་གཏམ་བཤད་གནང་རྗེས་སློབ་གྲྭའི་འཛིན་ཁང་སོགས་ལ་གཟིགས་ཞིབ་གནང་། ཆུ་ཚོད་ ༡༡ ཐོག་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་བཅར་ནས་གཏམ་བཤད་གནང་།

ཕྱི་ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་ས་གནས་མི་མང་དང་མཉམ་དུ་ཚོགས་འདུ་ཚོགས་ཏེ། ས་གནས་མི་མང་འཛོམས་མཁན་རྣམས་ལ་སྔར་བཞིན་བོད་དོན་ངོ་སྤྲོད་དང་། ཚོགས་ཞུགས་གནང་མཁན་གྱི་བསམ་འཆར་དང་འདྲི་བར་ལན་འདེབས་གནང་།

ཕྱི་ཚེས་ ༡༠ སྔ་དྲོ་ཚོུད་ ༩ ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་གྱི་མཛད་སྒོར་དམིགས་བསལ་སྐུ་མགྲོན་ཐོག་མཉམ་ཞུགས་གནང་། མཛད་རིམ་ལྟར་གཞིས་སྤྱི་རྒྱལ་བའི་ཕོ་བྲང་ནས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་དར་སྒྲོན་འབུལ་དང་། སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་། དེ་བཞིན་མཛད་རིམ་དངོས་གཞིའི་སྐབས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སློབ་གྲྭའི་དགེ་ལས་ཞབས་ལོ་ ༢༥ འཁོར་བ་རྣམས་ལ་སྐུ་ཐང་དང་ཕྱག་འཁྱེར་ཕུལ་བ་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་ཕྱི་ལོ་ ༢༠༡༣ ལོའི་སློབ་ཕྲུག་རྩེ་ཕུད་རྣམས་ལ་ཕྱག་འཁྱེར་གནང་། དེ་བཞིན་སློབ་གྲྭ་ཁག་དང་། ལྷ་མོ་ཚོགས་པ། གྲོང་སྡེ་སོ་སོ་བཅས་ནས་རྒྱལ་གླུ་དང་། ནོ་སྦེལ་བསྟོད་དབྱངས། ལྷ་མོའི་རྣམ་ཐར། གླུ་དང་ཞབས་བྲོ་སོགས་གོ་སྒྲིག་གང་ལེགས་གནང་འདུག་པ་གཟིགས་འབུལ་དང་། ལུགས་བསམ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་དང་། ཕྱོགས་བཞུགས་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་གནང་བ་སོགས་མཛད་སྒོ་ལེགས་པར་གྲུབ།

ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧།༣༠ ཐོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གདན་ས་སེར་འབྲས་དགའ་གསུམ་གྱི་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་ལ་ཆེད་བཅར་ཞུས། སྤྱི་འཐུས་གཉིས་ཀྱི་ལྷན་ཕྱོགས་བཞུགས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག ས་གནས་འགོ་འཛིན། ལས་དྲུང་བཅས་མཉམ་བཅར་ཞུས་ཡོད། འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དང་། སྤྱི་འཐུས་རྣམ་པ། མཁན་ལས་ཟུར། དབུ་ཆོས་རྣམ་པ་བཅས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་དབུས་སུ་གདན་འདྲེན་ཞུས་ཏེ་ཁྲི་རིན་པོ་ཆེ་མཆོག་གིས་རྟེན་གསུམ་མཇལ་དར་ཕུལ་བ་དང་། རིམ་བཞིན་སྤྱི་འཐུས་རྣམས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་མཇལ་དར་ཕུལ་བ་དང་མཚན་ཕུད་དབུ་འཛུག་གནང་བ་སོགས་མཛད་རིམ་ལེགས་པར་གྲུབ།

ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་སྦེལ་ཀོབ་ནས་མའེ་སུར་བརྒྱུད་ཧོབ་ལི་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་སྦེལ་ཀོབ་ནས་སྦེང་ལོར་བརྒྱུད་ལྡི་ལིར་ཐོན་གནང་།

ཕྱི་ཚེས་ ༡༣ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ཧོབ་ལི་ནས་འབྲས་སྤུངས་ལ་བདེ་འབྱོར་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་ལྡི་ལི་ནས་རྒྱུན་ལས་ཚོགས་ཆུང་དང་ལྷན་ལྡི་ལིར་གྲོས་ཚོགས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང་བཅས། །