བོད་མི་མང་སྤྱི་འཐུས་དགེ་བཤེས་གངས་རི་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་དང་བྱང་ཐང་། ཤྲི་ཎ་སྒར་བཅས་ཀྱི་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་པར་གྲུབ་པ།  

སྤྱི་འཐུས་རྣམ་གཉིས་ལ་དྭགས་སླེ་གནམ་ཐང་དུ་འབྱོར་སྐབས་ཕེབས་བསུ་ཟབ་རྒྱས་ཞུས་པ། ༢༠༢༣།༠༡།༡༧

 ༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་གངས་རི་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་ཕྱི་ལོ་  ༢༠༢༣ ཟླ་ ༠༡ ཚེས་ ༡༥  ནས་ ༢༨ བར་རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་ཁུལ་དང་བྱང་ཐང་ས་ཁག་བརྒྱད། ཤྲི་ཎ་སྒར་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་རྒྱལ་ས་སླེ་གནམ་ཐང་དུ་བདེ་འབྱོར་བྱུང་ཡོད་པ་དང་། སྐབས་དེར་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་དང་། སླེ་བྱང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས། ལ་སྤྱི་སྐུ་ངོ་དོན་གྲུབ་བཀྲ་ཤིས་ལགས། དེ་བཞིན་མཉམ་འབྲེལ་དང་རང་བདེན་ཚོགས་ཆུང་། འཕྲོད་བསྟེན་ལས་ཁུངས། བོད་ཁྱིམ་སློབ་གྲྭ། སྨན་རྩིས་ཁང་། སླེ་བྱང་བརྒྱ་ཤོག་ཁག་གི་བརྒྱ་དཔོན་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་ནས་མཇལ་དར་བསྒྲོན་ཏེ་ཕེབས་བསུ་ཞུས་གནང་ཡོད།

དེ་རྗེས། སླེ་གནམ་ཐང་ནས་ཐད་ཀར་སླེ་རཱ་ཧྥེ་ཀ་གསོལ་མགྲོན་ཁང་ (Hotel Rafica) དུ་ཕེབས་ཏེ། གསོལ་མགྲོན་ཁང་གི་ལྡུམ་རའི་ནང་དུ་ཕེབས་བསུའི་གསོལ་ཇ་དང་ཞལ་ཏོག་འདེགས་འབུལ་གནང་བ་དང་བསྟུན། ལ་སྤྱི་སྐུ་ངོ་དོན་གྲུབ་བཀྲ་ཤིས་ལགས་ནས་ཕེབས་བསུའི་གསུང་བཤད་དང་། ས་གནས་གནད་ཡོད་རྣམས་ཀྱིས་རང་ཉིད་ངོ་སྤྲོད་ཐུང་ཐུང་རེ་གནང་གྲུབ་རྗེས། སྤྱི་འཐུས་རྣམ་གཉིས་ནས་དགུན་དུས་གྲང་ངར་ཆེ་བའི་སྐབས་དང་བསྟུན་ས་བགོས་ཕྱོགས་སྐྱོད་དུ་ཕེབས་པའི་དགོས་དམིགས་དང་། མི་མང་གི་བདེ་སྡུག་ལ་གསན་ཞིབ་གང་ཐུབ་གནང་རྒྱུ་ཡིན་པ་སོགས་གསུང་བཤད་ཐུང་ཐུང་ཞིག་གནང་།

སླེ་ཡི་རྫོང་དཔོན་ཆེན་མོ་ (Sh. Shrikant Balasaheb Suse) ལགས་དང་ལྷན་མཇལ་འཕྲད་གནང་སྐབས། ༢༠༢༣།༠༡།༡༨

ཕྱི་ཚེས་ ༡༨ དང་ ༡༩ ཉིན་སྤྱི་འཐུས་རྣམ་གཉིས་ཀྱིས་ལ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག སློབ་གྲྭའི་དགུན་ཁའི་གུང་སེང་དང་བསྟུན་འཛིན་རིམ་བཅུ་པ་བར་གྱི་སློབ་ཕྲུག་ཚོར་ཟུར་འཁྲིད་གནང་བཞིན་པའི་ཡུལ་དངོས་དང་། ས་གནས་ཁྲིམས་ཞིབ་ཁང་དང་། ས་གནས་འཐུས་ཚོགས། ལ་སྤྱི་ལས་ཁུངས་བཅས་གཙོ་བོར་གྱུར་བའི་ལས་ཁུངས་ཁག་ཚང་མའི་ནང་གཟིགས་སྐོར་གནང་བ་དང་། ས་གནས་དགོན་ཁག་གསུམ་གྱི་ནང་མཆོད་མཇལ་བཅས་ཞུས་ཡོད་པ་མ་ཟད། སླེ་ཡི་ (DC) རྫོང་དཔོན་ཤྲི་ཀན་ཊི་ བྷ་ལ་ས་ཧིབ་ སུ་སེ་ (Sh. Shrikant Balasaheb Suse) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།

བྱང་ཐང་ཡོངས་ཀྱི་སྤྱི་ཁྱབ་དཔོན་པོ་འཇིགས་མེད་དབང་ཕྱུག་དང་མཇལ་འཕྲད་གནང་སྐབས། ༢༠༢༣།༠༡།༢༦

དེ་བཞིན། བྱང་ཐང་ས་ཁུལ་ཡོངས་ཀྱི་སྤྱི་ཁྱབ་དཔོན་པོ་ (SDM Nyoma) འཇིགས་མེད་དབང་ཕྱུག་ (Jigmet Angchuk) ལགས་སོགས་ས་གནས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་སྟེ། ལ་དྭགས་སླེ་བྱང་ས་ཁུལ་གྱི་བཙན་བྱོལ་བོད་མི་རྣམས་ལ་གཟིགས་རྟོགས་སྔར་ལྷག་གནང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སླེ་དང་བྱང་ཐང་ཁུལ་གྱི་ས་ཆའི་དཀའ་རྙོག་སེལ་སླད་གང་མགྱོགས་ས་ཐིག་འཐེན་ཐུབ་ན་དགེ་ཕན་ཆེ་བ་ཡོད་པ་སོགས་གནད་དོན་ཁག་ཅིག་གཙོ་འདོན་གྱི་ཐོག་ནས་མུ་མཐུད་ནས་རོགས་རམ་གཟིགས་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར། ཁོང་རྣམ་པས་ཡུལ་མི་དང་གཅིག་མཚུངས་ཀྱི་ཐོག་ནས་རོགས་རམ་གཟིགས་སྐྱོང་ཧ་ཅང་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་སྐོར་གསུངས་འདུག

སླེ་བསོད་ནམས་གླིང་ཚོགས་ཁང་དུ་མི་མང་ཚོགས་འདུ་འཚོགས་སྐབས། ༢༠༢༣།༠༡།༡༩

ཕྱི་ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཙམ་གྱི་ཐོག་བསོད་ནམས་གླིང་ཚོགས་ཁང་དུ་ས་གནས་མི་མང་དང་ལྷན་དུ་ཚོགས་འདུ་ཚོགས་ཏེ། ལ་སྤྱི་སྐུ་ངོ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་འདས་པའི་ལོ་གཅིག་ཙམ་རིང་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་།  མཐར་སླེ་བྱང་ས་འཐུས་ཚོགས་གཙོ་དོན་འགྲུབ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ཚོགས་འདུ་གྲོལ་ཡོད་པ་རེད།

ས་སེར་ལ་བརྒལ་ནས་འགྲོ་སྐབས་གངས་ཁྲོད་དུ་རླངས་འཁོར་འགྲོ་སྐྱོད་མ་ཐུབ་པའི་དཀའ་ངལ་བྱུང་སྐབས། ༢༠༢༣།༠༡།༢༣

ཕྱི་ཚེས་ ༢༠ ནས་ ༢༥ བར་དུ་སྤྱི་འཐུས་རྣམ་གཉིས་དང་། ལ་སྤྱི་སྐུ་ངོ་དོན་གྲུབ་བཀྲ་ཤིས་ལགས། སླེ་བྱང་ས་འཐུས་ཚོགས་གཙོ་དོན་འགྲུབ་ཚེ་རིང་ལགས་ཀྱིས་དབུས་ལ་སྤྱི་ལས་ཁུངས་ཀྱི་འཆར་འགོད་འགན་འཛིན་བཀྲ་ཤིས་དོན་འགྲུབ་ལགས་དང་། བུ་མོ་ཚེ་སྐྱིད་ལགས། དེ་བཞིན་ཁ་ལོ་བ་ཀརྨ་བསོད་ནམས་ལགས་ནས་མཉམ་འབྲེལ་གྱི་རླངས་འཁོར་དང་། ཚེ་རིང་ལྷ་སྐྱབས་ལགས་ནས་ལ་སྤྱི་ལས་ཁུངས་ཀྱི་རླངས་འཁོར་བཏང་སྟེ། བྱང་ཐང་ནུ་མ་དང་། བཀག་གཞུང་། རྒོལ་ཡུལ། མ་ཁྱུ། ཧང་ལེ། བཅུ་མུར། སུམ་མདོ། ས་སྨད་བཅས་སུ་སྐོར་སྐྱོད་ཕེབས་ནས། ས་གནས་ཞིང་འབྲོག་མང་ཚོགས་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྩྭ་ཆུ་ཇེ་དཀོན་དང་། འཚོ་ཐབས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་བྱང་ཐང་འབྲོག་ལས་རྒྱུན་སྐྱོང་བྱེད་པར་དཀའ་ངལ་འཕྲད་བཞིན་པ་སོགས་ཀྱི་གནད་དོན་ཐད་གཟིགས་ཞིབ་དང་། ས་གནས་ཁག་གི་མང་ཚོགས་ལ་གསུང་བཤད་དང་དྲི་བ་དྲིས་ལན། མང་ཚོགས་ཀྱི་བསམ་ཚུལ་དང་རེ་སྐུལ་རྣམས་ཡིག་ངག་གཉིས་ཐོག་ནས་བསྡུ་ལེན་བཅས་གནང་སྟེ་ཕྱི་ཚེས་ ༢༥ ཉིན་ཕྱིར་སླེ་རུ་བདེ་འབྱོར་བྱུང་ཡོད་འདུག

དགུན་དུས་ཀྱི་གུང་སེང་དང་བསྟུན་འཛིན་རིམ་བཅུ་པ་བར་གྱི་སློབ་ཕྲུག་ཚོར་ཟུར་འཁྲིད་གནང་བཞིན་པ། ༢༠༢༣།༠༡།༡༨

ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་བསོད་ནམས་གླིང་ཚོགས་ཁང་དུ། དགུན་དུས་ཟུར་འཁྲིད་ལེགས་པར་མཇུག་བསྡུས་པའི་མཛད་སྒོ་ཚོགས་ཏེ། སྤྱི་འཐུས་རྣམ་གཉིས་ནས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ་དང་། འཛིན་རིམ་དགུ་པ་དང་བཅུ་པའི་ཡིག་རྒྱུགས་རྩེར་སོན་གྱི་སློབ་ཕྲུག་རྣམས་དང་། དགེ་རྒན་བཅས་ལ་བྱ་དགའ་གསོལ་རས་གནང་། ཉིན་གུང་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ལ་ཕེབས་སྐྱེལ་གྱི་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་བཅས་གནང་ཡོད་པ་རེད།

ཤྲི་ན་སྒར་བོད་རིགས་ཁ་ཆེའི་གཞིས་ཆགས་ཁག་གསུམ་གྱི་བོད་མིའི་སློབ་གྲྭར་གཟིགས་སྐོར་གནང་བ། ༢༠༢༣།༠༡།༢༨

ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༤༠ ཙམ་གྱི་ཐོག་སླེ་ནས་མཁའ་ལམ་བརྒྱུད་ཇ་མུ་དང་། ཇ་མུ་ནས་ཤྲི་ན་སྒར་དུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་དང་། ས་གནས་བོད་མིའི་སློབ་གྲྭ་ (Tibetan Public School) ཡི་འཛིན་སྐྱོང་འགན་འཛིན་བོད་མི་མཱ་སུཌ་བྷ་ཌི་ (Masood Butt) ལགས་ཀྱིས་སྣེ་ལེན་འོག  ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་བོད་རིགས་ཁ་ཆེའི་སློབ་གྲྭ་དང་། འཕྲོད་བསྟེན་སྨན་ཁང་། ཧཱ་ཝལ་བོད་མིའི་གཞིས་སྒར་བཅས་སུ་གཟིགས་སྐོར་གནང་ཡོད་པ་མ་ཟད། བོད་མིའི་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་མཱ་སུཌ་ལགས་དང་། སྤྱི་ཁྱབ་དྲུང་ཆེ་དང་ལས་བྱེད། དེ་བཞིན་འཕྲོད་བསྟེན་སྨན་ཁང་གི་སྨན་པ་བཅས་གནད་ཡོད་མི་སྣ་ལྷན་དུ་ས་གནས་བོད་མིའི་གནས་སྟངས་སྤྱི་དང་། དམིགས་བསལ་ས་གནས་བོད་མིའི་སློབ་གྲྭའི་གནས་སྟངས་ཐོག་བཀའ་བསྡུར་ལྷུག་པོ་གནང་། ཕྱི་དྲོའི་ཆུ་ཚོད་ ༥ པ་ཐོག་མཁའ་ལམ་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་སྟེ། སྤྱི་འཐུས་རྣམ་གཉིས་ཀྱི་ས་བགོས་ཕྱོགས་བསྐྱོད་ཐེངས་དང་པོ་དེ་བཞིན་ལེགས་པར་གྲུབ་ཡོད་པ་བཅས། །