བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་རྡོར་གླིང་ཁྱབ་ཁོངས་དང་བཅས་པར་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡ ནས་ ༤ བར་རྒྱ་གར་བྱང་ཤར་རྡོར་གླིང་དང་། ཁྱབ་ཁོངས་ས་གནས་པ་ཤུ་པ་ཏི་དང་། སུ་ཁེ་ཡ། ཅི་ཏེ་རི། གུམ། མ་ཎི་བྷན་ཇང་། སྤོག་རེ་སྤུང་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་བསུ་ན་མདའ་བཀྲ་ཤིས་གླིང་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་རྗེས། ཕྱི་ཟླ་ ༢ པའི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་རྡོར་གླིང་དུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། རྡོར་གླིང་རྩིས་དྲུང་བློ་བཟང་སྒྲོལ་མ་ལགས་དང་། ས་གནས་རང་ཚོགས་སྐུ་ཚབ་བཀྲ་ཤིས་སྒྲོལ་མ་ལགས། སཾ་བྷོ་ཊའི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས། རང་འཚོ་བཟོ་གྲྭའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས། ས་གནས་དབུས་གཙང་ཆོལ་ཁའི་སྐུ་ཚབ་ངག་དབང་ལགས་དང་རིག་འཛིན་ལགས། ས་གནས་མདོ་སྟོད་ཆོལ་ཁའི་སྐུ་ཚབ་བསམ་སྒྲོན་ལགས། ས་གནས་མདོ་སྨད་ཆོལ་ཁའི་ཚོགས་གཙོ་ནོར་འཛིན་སྒྲོལ་མ་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག

ཕྱི་ཟླ་ ༣ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་མི་རིག་ས་གནས་སུ་རྟེན་གཞི་བྱས་པའི་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པར་མཆོད་མཇལ་དུ་ཕེབས་ཤིང་། སྐབས་དེར་སློབ་སྤྱི་བླ་མ་འཕྲིན་ལས་ལགས་དང་། དགོན་པའི་གཉེར་པ། མི་མང་འཐུས་མི་བཅས་ནས་སྣེ་ལེན་དང་། དེ་རྗེས་དགོན་པའི་སློབ་གྲྭའི་སྡེ་ཚན་ཁག་ལ་རེ་རེ་བཞིན་གཟིགས་སྐོར་ཕེབས་གནང་འདུག ཉིན་རྒྱབ་པ་ཤུ་པ་ཏི་རུ་ཕེབས་ཐོན་གྱིས་ས་གནས་སུ་བོད་པའི་ཁྱིམ་ཚང་གཉིས་ཡོད་པར་ཐུག་འཕྲད་ཀྱིས་དེའི་ཁུལ་གྱི་གནས་སྡོད་བོད་མིའི་གནས་སྟངས་ཁག་ལ་རྒྱུས་ལོན་གནང་འདུག

དེ་རྗེས་རིམ་པས། སུ་ཁེ་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དགོན་པ་དང་། རྡོར་གླིང་གུམ་ཡིད་དགའ་ཆོས་གླིང་དགོན་པ་བཅས་ལ་མཆོད་མཇལ་ཕེབས་ཤིང་། སྐབས་སོ་སོར་དགོན་པའི་ལས་སྣེ་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་འདུག གཞན་ཡང་སུ་ཁེ་ཀི་རྟིའི་དགོན་དུ་ས་གནས་འཐུས་མི་ཁག་ཅིག་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་གནང་འདུག

ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་མ་ཎི་བྷན་ཇང་ (Mane Bhanjang) དུ་ཕེབས་ཐོན་གནང་སྟེ། མ་ཎི་བྷན་ཇང་དང་། ཅི་ཏེ་རི་ས་གནས་གཉིས་ཀྱི་འཐུས་མི་དང་། མང་ཚོགས་ཁག་ཅིག་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་།  དེ་ནས་རིམ་པས་ཅི་ཏེ་རི་ (Chitre) རུ་རྟེན་གཞི་བྱས་པའི་སྐྱིད་གཏེར་འོད་གསལ་བདེ་ཆེན་གླིང་སྒྲུབ་སྡེ་རུ་གནས་སྐོར་དང་། ཅི་ཏེ་རི་ས་གནས་མི་མང་གི་འཐུས་མི་ཕུན་ཚོགས་རྒྱལ་པོ་ལགས་ཀྱིས་གཙོས་བོད་མི་ཁག་ཅིག་དང་ལྷན་ཐུག་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་གནང་འདུག

ཉིན་གུང་སྤོག་རེ་སྤུང་ལ་ཕེབས་ཐོན་གནང་སྟེ། ས་གནས་བོད་མི་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་རྗེས། (6 mile) ས་གནས་སུ་ཕེབས་ཐོན་གྱིས་དེ་གར་འབྱོར་སྐབས། ས་གནས་འཐུས་མི་བཟང་མོ་ལགས་ནས་སྣེ་ལེན་དང་སྦྲགས། ས་གནས་བོད་མིའི་ཁྱིམ་ཚང་ཁག་གི་གནས་སྟངས་རྒྱུས་ལོན་གནང་འདུག

ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་རྡོར་གླིང་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་།  དེ་ནས་སློབ་གྲྭའི་ཚོགས་ཁང་ནང་དགེ་ལས་དང་། སློབ་ཕྲུག་བཅས་ལྷན་འཛོམས་སར་སྤྱི་འཐུས་རྣམ་གཉིས་ནས་བརྗོད་གཞི་ཆ་བགོས་ཀྱིས་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་རྗེས། འཛིན་གྲྭ་དང་། སློབ་གྲྭའི་སྡེ་ཚན་ཁག་ཡོངས་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག

ཉིན་རྒྱབ་རྡོར་གླིང་སཾ་བྷོ་ཊ་སློབ་གྲྭའི་ཚོགས་ཁང་ནང་རྡོར་གླིང་ས་གནས་མི་མང་འདུ་འཛོམས་གནང་བའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་བརྗོད་གཞི་ཆ་བགོས་ལྟར་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག དགོང་མོ་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་། རང་བདེན་ཚོགས་ཆུང་སོགས་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཕེབས་སྐྱེལ་གསོལ་སྟོན་ཞིག་བཤམས་འདུག

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་རྡོར་གླིང་རང་འཚོ་བཟོ་གྲྭར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས་འགན་འཛིན་རྡོ་རྗེ་ཚེ་རིང་ལགས་ནས་སྣེ་ལེན་ཞུས་རྗེས། རང་འཚོ་བཟོ་གྲྭའི་ཕུན་ཚོགས་འདོད་འཁྱིལ་ཚོགས་ཁང་དང་། པར་རིས་འགྲེམས་སྟོན་སོགས་བཟོ་གྲྭའི་སྡེ་ཚན་ཡོངས་རྗོགས་ལ་གཟིགས་སྐོར་ཕེབས་གནང་འདུག

དེ་རྗེས་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་སློབ་གྲྭའི་འགན་འཛིན་འཕྲིན་ལས་ལགས་དང་། སློབ་སྤྱི་གཞོན་པ་བསྟན་འཛིན་གཡུ་མཚོ་ལགས་རྣམ་གཉིས་ཀྱིས་གཙོས་དགེ་སློབ་ཡོངས་ནས་སྣེ་ལེན་དང་། དེ་ནས་སློབ་གྲྭའི་ཡིག་ཚང་དང་། འཛིན་ཁང་སོགས་ལ་གཟིགས་སྐོར་བཅས་གནང་རྗེས། སྤྱི་འཐུས་རྣམ་གཉིས་ནས་ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །