
༄༅། ། བོད་མི་མང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༣ ནས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༨ པའི་ཚེས་ ༩ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་མང་ཚོགས་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་མོན་གྷོ་འདོད་རྒུ་གླིང་གི་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཕེབས་སྐབས། ས་གནས་མང་ཚོགས་ནས་ལག་ཏུ་དྭངས་གཙང་མཇལ་དར་བསྣམས་ཏེ་སྣེ་ལེན་ཕེབས་བསུ་ཞུས་རྗེས། ཚོགས་ཁང་ནང་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་རྣམ་པ་དབུ་བཞུགས་ཀྱིས་མི་མང་འདུ་འཛོམས་ཐོག ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་ཡོད་པ་དང་།

དེ་ནས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་གནང་ཞིང་། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས། སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད། ལྷག་པར་དུ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་སུ་གྱུར་བའི་དམ་པ་ཁོང་གི་ཞལ་ཆེམས་སྐར་མ་དྲུག་ཅན་གྱི་སྐོར་བཅས་ཀྱི་ཐོག་ལ་གསུང་བཤད་ཞིབ་རྒྱས་གནང་ཡོད་པ་དང་།

དེ་བཞིན་ས་གནས་མི་མང་ཧ་ཅང་མང་པོས་དགོངས་ཚུལ་དང་དྲི་བ་ཕུལ་བ་རྣམས་ལ་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་རྗེས། མི་མང་འདུ་འཛོམས་རྒྱལ་ཁའི་ངང་ཆུ་ཚོད་ ༡༢།༣༠ ཐོག་མཇུག་བསྒྲིལ་གནང་ཡོད་འདུག་པ་བཅས།
