བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་གྲོས་མཐུན་དོན་ཚན་ ༡༧ སྐོར་ལ་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཕྱི་ནང་གི་གསར་འགོད་པར་གྲོས་མཐུན་ཚན་ ༡༧ སྐོར་ལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་བསྒྲགས་གཏམ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། བསྒྲགས་གཏམ་ནང་འཁོད་དོན།

ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༣ ཉིན་ནི་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་དེ་བཞག་པའི་དུས་དྲན་གྱི་ཉིན་མོ་དེ་ཡིན།   རྩོད་རྙོག་ཅན་གྱི་ཡིག་ཆ་དེར་རྒྱ་དམར་གྱིས་བོད་གཞུང་གི་སྐུ་ཚབ་རྣམས་ནས་མིང་རྟགས་མ་བཀོད་ན་བོད་ལ་དྲག་པོའི་བཙན་འཛུལ་བྱེད་ཀྱི་ཡིན་ཞེས་སྡིགས་ར་བསྐུལ་ཡོད། དེར་བརྟེན་ཡིག་ཆ་དེར་བོད་ཀྱི་སྐུ་ཚབ་རྣམ་པས་རྒྱ་མིས་བཙན་དབང་འོག་མིང་རྟགས་བཀོད་དགོས་བྱུང་ཡོད་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེའི་ནང་དོན་ལག་ལེན་ཡོང་རྒྱུའི་འབད་རྩོལ་ཡོད་རྒུ་རྩལ་སྤྲུགས་མཛད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་ཡིག་ཆ་དེའི་ནང་དོན་ཆ་ཚང་རྡོག་རོལ་དུ་བཏང་ནས་དྲག་པོའི་བཙན་གནོན་འོག་བོད་དང་བོད་མིའི་ངོ་བོ་རྩ་བ་ནས་མེད་པ་བཟོས་དང་བཟོ་བཞིན་པ་མ་ཟད།  ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གི་བཙན་གནོན་ལ་བོད་མིས་ངོ་རྒོལ་བྱས་མཐར་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བ་དང་། ༸གོང་ས་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་དགོས་བྱུང་ཡོད།
ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་༸གོང་མཆོག་རྒྱ་གར་ནང་༸ཞབས་སོར་འཁོད་རྗེས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཡོད། རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་དང་དེ་རྗེས་རྒྱ་གར་རང་བཙན་རྒྱལ་ཁབ་ཀྱི་སྐུ་ཚབ་བོད་ནང་ལོ་དགུ་ཙམ་བཞུགས་མྱོང་མཁན་སྐུ་ཞབས་ཧུའུ་རིཅརཊི་སོན་(Hugh  Richardson) གྱིས་བརྩམས་པའི་བོད་དང་བོད་ཀྱི་ལོ་རྒྱུས་ཞེས་པའི་ནང་། “རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་ནས་ལོ་རྒྱུས་རྫུན་བཟོ་དང་གྲོས་མཐུན་གྱི་རྫུན་འབག་གྱོན་པ་དེས་བོད་དེ་རྒྱལ་ཁབ་ཐ་དད་ཡིན་པ་མེད་པ་བཟོ་ཐུབ་མེད།”  ད་དུང་ཁོང་གིས་གསུང་གསལ། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་མ་བྱས་གོང་དང་བྱེད་བཞིན་པའི་སྐབས་བྲན་གཡོག་ལམ་ལུགས་དང་ས་ཞིང་བགོ་འགྲེམས་ཆེད་ཞི་བའི་བཅིངས་འགྲོལ་བཏང་བའི་འཁྱོག་བཤད་དྲིལ་བསྒྲགས་བྱས་པ་རེད། ཡིན་ན་ཡང་། ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེར་རྒྱ་ཆེ་བའི་བསྒྱུར་བཅོས་དང་ས་ཞིང་བགོ་འགྲེམས་སོགས་ལེགས་བཅོས་མཛད་འཆར་ཡོད་པ་དེ་དག་ལ་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་ཡོད།
༸གོང་ས་མཆོག་གིས་དགོན་པ་ཆེ་ཁག་དང་། ཞིང་པ་ཆེ་ཁག་ནས་ས་ཆ་ཉོས་ཏེ་ཉམ་ཐག་རྣམས་ལ་བགོ་འཆར་སོགས་ལེགས་བཅོས་ལས་ཁུངས་ཞིག་ཀྱང་གསར་འཛུགས་མཛད་ཡོད། རྒྱ་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་པའི་སྐོར་འཁྱོག་བཤད་དྲིལ་བསྒྲགས་བྱས་པ་དེ་དག་རྒྱ་ནག་གི་དབུ་ཁྲིད་ཧུ་ཡའོ་པང་གིས་ཐེར་འདོན་བྱས་ཡོད། དེ་ཡང་ཕྱི་ལོ་༡༩༨༠ ནང་ཧུ་ཡའོ་པང་བོད་ལ་གཟིགས་སྐོར་དུ་ཕེབས་སྐབས་བོད་དབུས་སུ་ཉམ་ཐག་པའི་གནས་སྟངས་གཟིགས་ཏེ་བོད་ནང་གི་དཔལ་འབྱོར་གནས་སྟངས་ཕྱི་ལོ་༡༩༥༩ གོང་གི་གནས་སྟངས་དང་གཅིག་མཚུངས་བཟོ་དགོས་ཀྱི་འདུག་ཅེས་གསུངས་པ་རེད།
ཕྱི་ལོ་ ༡༩༨༠ ཙམ་དང་། ཡང་ཕྱི་ལོ་༢༠༠༨ ལོར་བོད་ནང་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་བྱས་པ་དེ་དག་གིས་རྒྱ་གཞུང་གི་སྲིད་བྱུས་དེ་དག་ཡང་དག་མིན་པ་གསལ་པོ་བསྟན་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་རྒྱ་གཞུང་གིས་ད་དུང་ཡང་བོད་ནང་འཛུགས་སྐྲུན་དང་བོད་མི་རྣམས་སྐྱིད་པོ་ཡོད་ཅེས་འུད་ཤོབ་བྱེད་བཞིན་ཡོད། གལ་སྲིད་དེ་དག་དངོས་དོན་ཡིན་ཚེ།  ད་ལྟའི་ཆར་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་གཏོང་བཞིན་པའི་གནས་ཚུལ་ཐོན་པར་གཞི་བཅོལ་ཏེ་རྒྱ་ནག་གཞུང་གིས བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་། དངོས་ཡོད་གནས་སྟངས་རྟོག་ཞིབ་ཀྱི་མི་སྣ་ཡོང་ཆོག་པ་བཟོ་དགོས། བློ་ཕམ་དགོས་པ་ཞིག་ལ། རྒྱ་གཞུང་གིས་དུས་དྲན་དེ་བེད་སྤྱད་ནས་བོད་ནང་ལ་ཡར་རྒྱས་བཏང་ཡོད་སྐོར་ངོམ་ནས་ཁོ་པ་ཚོས་བོད་བཙན་བཟུང་བྱས་པ་དེ་དྲང་བདེན་བཟོ་ཐབས་བྱེད་ཀྱི་ཡོད།  རྒྱ་མིའི་དྲག་གནོན་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེ་དག་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ངང་བྱེད་ཀྱི་ཡོད་ཀྱང་། དངོས་ཡོད་ཀྱི་ལམ་ནས་བཤད་ན་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་མིའི་འཐབ་རྩོད་དེ་དྲག་ཤུགས་ཆེ་རུ་ཕྱིན་ཡོད།  “གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་”དེ་བཞག་སྟེ་ལོ་ངོ་དྲུག་ཅུ་འཁོར་བའི་ཉིན་མོ་སྲུང་བརྩི་བྱས་ནས་ད་བར་བོད་མི་རྣམས་ལ་མནར་གཅོད་བཏང་བ་དེ་དག་སུབ་ཐབས་མེད་པ་ཞིག་ཆགས་ཡོད། “བོད་ཞི་བའི་བཅིངས་འགྲོལ་ཟེར་བ་”བཏང་ནས་ལོ་ངོ་དྲུག་ཅུ་འཁོར་ཡང་བོད་མི་རྣམས་ད་དུང་རང་སྲོག་ལ་མ་ལྟོས་པར་ཕྱི་རྒྱལ་རང་དབང་ལུང་པར་བྲོས་ཐབས་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དེ་དག་བོད་མིའི་འཐབ་རྩོད་དང་སེམས་ཤུགས་རྫོགས་མེད་པ་གསལ་པོ་བསྟན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག དེ་བཞིན་བོད་མི་རྣམས་རང་རེའི་ཕ་ཡུལ་དུ་རང་དབང་དང་སྤོབས་སེམས་ལྡན་པའི་ངང་ནས་འཚོ་གནས་ཐུབ་ཐབས་སུ་ལས་འགུལ་ཇེ་འཕེལ་དུ་འགྲོ་གི་ཡོད་ཅེས་བསྒྲགས་གཏམ་གསལ་བསྒྲགས་གྲུབ་མཚམས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་རེད། །