
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ པའི་ཚེས་ ༢༤ ཉིན་སྔ་དྲོ་རྡ་རམ་ས་ལ་ས་གནས་འགོ་འཛིན་ཚོགས་ཁང་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་པའི་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས། གཞན་སྐུ་མགྲོན་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སློབ་སྟོན་པ་ཐུབ་བསྟན་སྙན་གྲགས་ལགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། ས་གནས་མི་མང་བཅས་ཕེབས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་འཚམས་འདྲི་དང་སྦྲགས་མང་གཙོ་ཚོགས་པའི་གལ་གནད་དང་། ཚང་མས་༧གོང་ས་མཆོག་གི་བཀའ་དགོངས་འགྲུབ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ངོས་ནས་དམིགས་བསལ་གྱིས་གདོང་ལེན་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་པ་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགུལ་སྤེལ་ཕྱོགས་དང་། མང་གཙོ་དང་འོས་བསྡུའི་ལས་རིམ་སྐབས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཐོག་ནས་ལས་རིམ་གོ་སྒྲིག་ཞུ་ཕྱོགས་སྐོར་སོགས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་པའི་ཐོག་མའི་འབྱུང་རིམ་དང་འབྲེལ་བའི་སྐོར་ལ་གསུང་བཤད་དང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གཞོན་ལྷན་དང་མང་གཙོ་ཚོགས་པའི་དབར་གྱི་འབྲེལ་ལམ་དང་མ་འོངས་པར་ལས་དོན་གནང་ཕྱོགས་སྐོར་ལ་གསུང་བཤད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སློབ་སྟོན་པ་ཐུབ་བསྟན་སྙན་གྲགས་ལགས་ནས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ་ལགས་ནས་ཚོགས་པའི་ངོ་སྤྲོད་དང་ལས་དོན་གནང་ཕྱོགས་སྐོར་ལ་གསུང་བཤད། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་ཚེ་རིང་རྣམ་རྒྱལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་པའི་སྐུ་མགྲོན་རྣམ་པ་བརྒྱུད་ཚོགས་པའི་སྦྱིན་བདག་ཁག་ཅིག་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གནང་སོང་བ་བཅས།




