༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པའི་གྲོས་ཆོད་ཡིག་ཆ་ཨང་ ༥༩ དགོངས་དོན་ལྟར། དེ་སྔོན་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་གི་སྙན་ཐོ་མཇུག་སྐྱོང་དང་། བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། མཚོན་མདོག དེ་བཞིན་བོད་ཀྱི་རྒྱལ་གླུའི་གདངས་རོལ་རིང་ཐུང་བཅས་ཚད་ལྡན་གཅིག་གྱུར་ཡོང་ཆེད་རྩ་འཛིན་ལམ་སྟོན་གྱི་ཟིན་བྲིས་བཟོ་ཆེད་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་གཉིས་དང་། བཀའ་ཤག་གི་སྐུ་ཚབ་གཅིག་བཅས་མི་འགྲོ་གསུམ་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་དགོས་པ་གསལ་བ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༨ ཉིན་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་རྣམ་དག་ལགས་བཅས་ལ་བསྐོ་གཞག་བཀོད་ཁྱབ་གནང་བ་དང་། དེ་རིང་ཕྱི་ཟླ་ ༦ པའི་ཚེས་ ༡༢ ཉིན་རྒྱབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་གཉིས་དང་། བཀའ་ཤག་གི་སྐུ་ཚབ་བཅས་དངོས་སུ་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་དགེ་བཤེས་ལྷ་རམས་ཨ་ཀྲུག་ཚེ་བརྟན་མཆོག་དང་། དྲུང་ཆེ་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་སྤྱི་མོས་ཐོག་བསྐོ་གཞག་གནང་ཡོད་པ་རེད།
དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཐོག་མར་དཔལ་ལྡན་ཚོགས་གཙོ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་དུ་ཆེད་བཅར་གྱིས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས། ལས་དོན་དངོས་སུ་འགོ་འཛུགས་གནང་བ་དང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་གོང་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་ཐུབ་པ་དགོས་རྒྱུ་ཡིན་པ་བཅས།