བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༢ པའི་ཚེས་ ༨ ཉིན་བཞུགས་སྒར་རྡ་རམ་ས་ལ་གངས་སྐྱིད་ཚོགས་ཁང་དུ་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་གནང་འདུག སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་སྤྱི་ཟུར་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་པདྨ་མཚོ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་སོགས་ཕེབས་ཡོད་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། རྩ་བའི་གོང་དུ་གསུང་བཤད་གནང་མཁན་རྣམ་པས་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གིས་རྒྱལ་སྤྱིའི་ཆབ་སྲིད་ནང་འབྲེལ་ལམ་གནང་ཕྱོགས་དང་། བོད་ཀྱི་རྩ་དོན་ཐོག་ལ་དམིགས་བསལ་མཛད་རྗེས། བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་སོགས་ཀྱི་ཐོག་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་གསུངས་པ་གཞིར་བཟུང་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྙན་ལམ་བརྒྱུད་རྗེས་དྲན་ཞུ་དགོས་པའི་དམིགས་ཡུལ་གསུངས་པ་གཞིར་བཟུང་རེད། རྩ་བའི་ང་ཚོ་སྟབས་མི་ལེགས་པ་ཟེར་ན་མི་འདུག གནས་སྟངས་ཤིག་གི་ཐོག་ནས་ང་ཚོ་བོད་གཞིས་བྱེས་གཉིས་སུ་གྱེས་པ་དང་། སྟོབས་ཆེ་ཆུང་ངམ་ཤུགས་རྐྱེན་ཆེ་ཆུང་གི་ཐོག་ནས་ང་ཚོ་བོད་གངས་ཅན་པའི་ཆ་ཤས་ཤིག་བཙན་བྱོལ་ལ་སླེབས་ནས་བསྡད་པ་ཆགས་བསྡད་ཡོད་རེད། གངས་ཅན་ལྗོངས་དེ་ང་ཚོའི་རེ་བ་བཅངས་ས་འདྲ་པོ། དམིགས་ཡུལ་ལྟོས་ས་ཆགས་ཡོད་རེད། འདས་པའི་ལོ་ངོ་ ༦༧ ཙམ་གྱི་བཙན་བྱོལ་གྱི་དུས་ཚོད་དེའི་རིང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་ཀྱི་ཐོག་ལ་བསམ་བློ་བཏང་བ་ཡིན་ན། འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད་རེད། དཔེར་ན། དེ་རིང་སྐུ་ངོ་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་མཆོག་གི་རྗེས་དྲན་ཞུ་བའི་དུས་ཚོད་ཆགས་བསྡད་ཡོད་རེད། སྐུ་ངོ་ཁོང་གི་མཛད་རྣམ་དེ་ཙམ་ཀློག་རྒྱུ་བྱུང་མ་སོང་ཡང་། སྔོན་མ་ཤེས་རབ་དར་རྒྱས་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ཁག་ཅིག་གིས་རྩོམ་སྒྲིག་གནང་བའི་ཕྱག་དེབ་དབུ་འབྱེད་སྐབས་བཅར་རྒྱུ་བྱུང་སོང་། སྐབས་དེ་དུས་ཏོག་ཙམ་ཀློག་རྒྱུའི་གོ་སྐབས་བྱུང་བ་རེད། ད་རེས་མཛད་སྒོ་དེར་སྐད་བཏང་ཡོང་དུས། བར་སྐབས་ལས་བྲེལ་དབང་གིས་དམིགས་བསལ་སྐུ་ངོ་ས་དབང་ཆེན་མོ་མཆོག་གི་སྐུ་ཚེའི་མཛད་རྗེས་དང་འབྲེལ་བའི་སྐད་ཆ་ཤོད་རྒྱུའི་ཐོག་བསྡོམས་བརྒྱབ་རྒྱུ་ཡིད་སྨོན་བྱ་བའི་གཏམ་བཤད་ཅིག་ཤོད་ཐུབ་མིན་ཐོག་སེམས་ཞུམ་དགོས་པའི་གནས་སྟངས་འདྲ་པོ་ཆགས་ཀྱི་འདུག ཁོང་རྣམ་པ་མཛད་རྗེས་ཧ་ཅང་གི་ཆེན་པོ་རེད། གནད་ཡོད་མི་སྣ་རེད། ལག་ཐེལ་སྒང་ལ་པག་ཐེལ་ཟེར་བ་ལྟར། བཤད་མི་ཤེས་ན་དེའི་ངོ་བོར་རང་བཞིན་གྱིས་འགྱུར་བ་འགྲོ་ཡི་ཡོད་མ་རེད་དེ། འགྲེལ་བཤད་རྒྱག་ས་ཞིག་ཆགས་བསྡད་ཀྱི་འདུག དེ་ཚོའི་གྲས་ང་ཚོས་གལ་ཆེན་པོར་བརྩི་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། བར་སྐབས་བྲེལ་བ་མང་པོ་ཞིག་ཆགས་སོང་ཡང་མཛད་སྒོ་དེ་གལ་ཆེན་པོར་བརྩིས་ནས་མ་བཅར་ན་འགྲིག་མ་སོང་བསམས་པའི་ཚོར་བ་སླེབས་ཏེ་ད་རེས་ཆེད་མངགས་བཅར་བ་ཞིག་ཆགས་ཀྱི་ཡོད།

རྩ་བའི་སྐུ་ངོ་ས་དབང་ཆེན་མོ་མཆོག་མདོ་སྨད་ཨ་མདོའི་སྟག་མཚེར་ཁྱིམ་ཚང་དུ་སྐུ་འཁྲུངས་ཤིང་། སྤྱི་ཡོངས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་ཀྱི་གནས་བབ་ཐོག་འགྱུར་བ་ཤུགས་ཆེན་པོ་ཕྱིན་པའི་ནང་ལོགས་ལ་འགན་ཁུར་བཞེས་ཕྱོགས་དང་ཕྱག་ལས་གནང་ཕྱོགས་ཐོག་བསྡོམས་འདྲ་པོ་བརྒྱབ་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། རྩ་བའི་བོད་ས་ཤོར་བ་དང་བཙན་བཟུང་བྱས་པ་དེ། བསོད་ནམས་ཟད་པའི་གནས་སྟངས་འདྲ་པོ། ཆོས་ཕྱོགས་ནས་ཞུས་པ་ཡིན་ན། ལས་འབྲས་ཡིན་སྲིད་ཀྱི་རེད། གཅིག་བྱས་ན། སྐབས་དེའི་འགན་ཁུར་མཁན་རྣམ་པའི་ཐོག་ནས་ལས་ཀར་འཐུས་ཤོར་བའི་གནས་བབ་ཅིག་ལའང་འགྲེལ་བཤད་རྒྱག་ཆོག་གི་རེད། དེ་འདྲའི་དུས་ཚོད་ཉག་ཕྲ་བའི་སྐབས་སུ། བོད་སྤྱི་པའི་བསོད་ནམས་རྩ་བ་ནས་མེད་པ་མ་ཆགས་པ་བསམ་བསམ་གཅིག་དེ། ༧རྒྱལ་བ་རིན་པོ་ཆེ་དང་། ༧པཎ་ཆེན་རིན་པོ་ཆེ་རྣམ་པ་གཉིས་མདོ་སྨད་ཕྱོགས་ལ་སྐུ་འཁྲུངས་པ་དེ་ཆགས་ཀྱི་ཡོད་རེད་བསམས་ཀྱི་འདུག ཕྱིའི་ལྕགས་རི་ཟེར་ན་འདྲ། ནང་གི་ནོར་བུ་ཟེར་ནའང་འགྲིག་གི་འདུག བོད་ཤར་ཕྱོགས་རེད། དེའི་ནང་ནས་ཨ་མདོའི་ཕྱོགས་ལ་རྒྱ་བོད་ཀྱི་ས་མཚམས་ཆགས་ཀྱི་ཡོད་རེད། ཤུགས་རྐྱེན་ཆེན་པོ་ཡོད་རེད། སྐུ་ངོ་ས་དབང་ཆེན་མོའི་ཡབ་ཀྱི་ཐོག་ནས། ཁོང་གི་སྤོ་པོ་དེ་ཚོས་བོད་སྐད་རྒྱག་གི་འདུག ཡབ་ཀྱི་དུས་སུ་རྒྱ་སྐད་རང་རྒྱག་གི་འདུག དེ་འདྲའི་ཤུགས་རྐྱེན་ཆེན་པོ་སླེབས་ཟིན་པ་རེད། ཡིན་ནའང་༧རྒྱལ་བ་རིན་པོ་ཆེ་དང་། ༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་མདོ་སྨད་ལ་སྐུ་འཁྲུངས་པའི་ཐོག་ནས་ང་ཚོ་བོད་ཀྱི་ཆོས་དང་། རིག་གཞུང་། དཔལ་འབྱོར། ཆབ་སྲིད་བཅས་གང་ཅིའི་ཐོག་ལ་རླབས་ཆེན་པོ་བྱུང་འདུག་བསམས་ཀྱི་འདུག དེ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རྟག་ཏུ་དྲན་དགོས་པ་ཞིག་སྟེ། དེའི་ཐོག་ནས་བོད་ཆོལ་ཁ་གསུམ་ཟེར་ནའང་མི་འདུག བོད་ཀྱི་རྩ་དོན་འཐབ་རྩོད་ཟེར་ནའང་མི་འདུག བོད་ཀྱི་རིག་གཞུང་ཟེར་ནའང་མི་འདུག དེང་སང་ང་ཚོ་རྒྱལ་སྤྱིའི་ནང་ལ་དམིགས་བསལ་ངོས་འཛིན་ཐུབ་བསྡད་པ་དེ། ༧རྒྱལ་བ་རིན་པོ་ཆེ་དང་། ༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་སྐུ་འཁྲུངས་ཏེ། བོད་ཕྱི་ནང་གཉིས་སུ་མཛད་པ་འཕྲིན་ལས་བསྐྱངས་པའི་ཐོག་ནས་རླབས་ཆེན་པོ་ཞེ་པོ་བྱུང་འདུག་བསམས་ཀྱི་འདུག

དེའི་ནང་ནས་གལ་ཆེ་བའི་གནད་ཡོད་མི་སྣ་གཅིག་སྐུ་ངོ་རྒྱལ་ལོ་དོན་གྲུབ་ཆགས་བསྡད་ཡོད་རེད། སྐུ་ངོ་རྒྱལ་ལོ་དོན་གྲུབ་བོད་ནང་གི་གནས་སྟངས་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། བཙན་བྱོལ་ནང་ལའང་དེ་བས་ཤུགས་རྐྱེན་ཆེན་པོ་ཆགས་བསྡད་ཡོད་རེད། བོད་ས་མ་ཤོར་གོང་། ༧རྒྱལ་བ་རིན་པོ་ཆེ་སྟག་མཚེར་ཁྱིམ་ཚང་དུ་སྐུ་འཁྲུངས་རྗེས། དབུས་ལ་གདན་འདྲེན་ཞུས། དེ་འདྲའི་བརྒྱུད་རིམ་ནང་ལོགས་ལ་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་དང་། རྒྱལ་ཚབ་ར་སྒྲེང་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཐོག་ནས་ཤུགས་རྐྱེན་འདྲ་པོ་ཆེན་པོ་བྱུང་ཡོད་རེད། རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་དང་། རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་རྣམ་གཉིས་དང་ལྷན་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཡོད་ཅེས་གསུངས་ཀྱི་འདུག ར་སྒྲེང་རིན་པོ་ཆེ་རྒྱལ་ཚབ་ནས་དགོངས་པ་ཞུ་རྒྱུའི་སྐོར་ནང་དོན་འདྲ་པོ་གསུངས་ཡིན་ས་རེད། དེ་ཡིན་དུས། རྒྱལ་ཚབ་ནས་དགོངས་པ་མ་ཞུ་བར་མུ་མཐུད་ནས་རྒྱལ་ཚབ་གནང་རོགས་ཅེས་ཡབ་ཀྱི་ཐོག་ནས་ཞུས་འདུག་པ་དང་། དེའི་རྗེས་སུ་ཡུམ་གྱི་ཐོག་ནས་ཀྱང་དེ་ལྟར་རེ་སྐུལ་ཞུས་འདུག དེའི་རྗེས་ལ་ཁོང་གིས་ནང་དོན་ཐོག་ནས་བླ་མ་གཅིག་ཡོད་གསུངས་ཡོད་པ། གང་ལྟར་དེའི་བརྒྱུད་རིམ་ནང་ལོགས་ཀྱི་སྐད་ཆ་དེ་ཚོ་སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱིས་གསན་ཡོད་རེད། སྐབས་དེ་དུས་ལྷ་སྲས་རྒྱལ་ལོ་དོན་གྲུབ་དགུང་ལོ་བཅུ་གྲངས་ཤིག་ཡིན་དུས། གང་ལ་གང་འཚམས་གནས་སྟངས་མཁྱེན་གྱི་རེད། དེ་ནས་མར་རྒྱ་ནག་ལ་ཕེབས་པ། བོད་ནང་ར་སྒྲེང་རིན་པོ་ཆེ་དང་། སྟག་བྲག་རིན་པོ་ཆེའི་ཤུགས་རྐྱེན་སྡུག་ཏུ་མ་འགྲོ་བ་གཅིག་དེ། སྐུ་ངོ་ས་དབང་ཆེན་མོའི་ཤུགས་རྐྱེན་ཆེན་པོ་འདུག་བསམས་ཀྱི་འདུག དེ་སྡུག་ཏུ་སོང་བ་ཡིན་ན། ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་ཅིང་། སྐབས་དེ་དུས་ཀྱི་ང་ཚོའི་གནས་བབ་ལ་བལྟས་ན། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལའང་ཉེན་ཁ་མེད་པའི་གནས་སྟངས་མ་རེད། སྐབས་དེ་དུས་བོད་ས་ཤོར་ཡོད་མ་རེད། བོད་མི་རང་གི་བྱེད་སྟངས་ཐོག་ནས་དཀའ་ངལ་དེ་བཟོས་འདུག སྐུ་ངོ་ཡིས་བོད་ནང་ལ་བཀའ་དྲིན་ཆེན་པོ་དེ་གཅིག་བསྒྲུབས་འདུག་བསམས་ཀྱི་འདུག

དེ་བཞིན་སྟག་མཚེར་ཁྱིམ་ཚང་ལ་བསམ་བློ་བཏང་བ་ཡིན་ན། ཕྲུ་གུ་ཆེ་ཤོས་སྟག་མཚེར་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་དང་། དེ་རྗེས་༧རྒྱལ་བ་རིན་པོ་ཆེ་སྐུ་འཁྲུངས། ཕ་མས་འཇིག་རྟེན་གྱི་ཐོག་ནས་རེ་བ་ལྟོས་ས་དེ་སྐུ་ངོ་རྒྱལ་ལོ་དོན་གྲུབ་ཆགས་བསྡད་འདུག ཐོག་མར་དབུས་ལ་ཕེབས་ནས་རྩེ་ཕོ་བྲང་ལ་བཞུགས་སྐབས། ཡབ་གཞིས་ཀྱི་གཟིམ་ཤག་དེ་རྩེའི་རྒྱབ་ལོགས་ལ་སྤྲད་འདུག ནོར་བུ་གླིང་ཁར་ཕེབས་དུས། ཡབ་གཞིས་ཀྱི་གཟིམ་ཤག་ནོར་བུ་གླིང་ཁའི་ནང་ལ་གོ་སྒྲིག་གནང་གི་འདུག དེའི་རྗེས་སུ་བོད་གཞུང་གིས་གཟིམ་ཤག་ལོགས་སུ་བརྒྱབ་འདུག སྐབས་དེ་དུས་སྐུ་དྲག་དང་། བླ་བྲང་ཁག་རྟེན་འབྲེལ་འཚམས་འདྲི་ཞུ་བར་བཅར་ཡོང་དུས། དེའི་ལན་འདྲ་པོར་ཕར་བཅར་དགོས་ཀྱི་འདུག དེའི་སྐབས་ཕར་བཅར་མཁན་ཚང་མ་སྐུ་ངོ་རྒྱལ་ལོ་དོན་གྲུབ་རང་བཅར་བསྡད་འདུག དེ་ཡིན་དུས། ཁྱིམ་ཚང་གི་རེ་བ་འདྲ་པོ། འཇིག་རྟེན་གྱི་ཐོག་ནས་རེ་བ་བཅངས་ས་དེ་སྐུ་ངོ་རྒྱལ་ལོ་དོན་གྲུབ་རང་ཆགས་བསྡད་ཀྱི་འདུག དེ་ཡིན་དུས། དེ་འདྲའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་གསུང་གིས་བསྡོམས་བསྐྱོན་པ་དེ། ད་ལྟ་བདེ་སྲུང་བཀའ་བློན་དང་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་རྣམ་གཉིས་ཀྱིས་མར་གསུངས་གནང་སོང་། ཆབ་སྲིད་དང་འཇིག་རྟེན་གང་གི་ཐོག་ནས་ཡིན་ནའང་། ཁྱིམ་ཚང་གཅིག་ནས་འཚར་ལོངས་བྱུང་བ་ཆགས་བསྡད་དུས། སྐུ་ངོ་རྒྱལ་ལོ་དོན་གྲུབ་ལ་རྒྱུས་ཆེ་ཤོས་དེ་༧རྒྱལ་བ་རིན་པོ་ཆེ་ཆགས་བསྡད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། ངས་ཞུ་རྒྱུ་གཙོ་བོ་དེ་ཡབ་གཞིས་ཀྱི་རེ་བའི་མིག་འབུར་བལྟས་ས་འདྲ་པོ་ཞིག་སྟེ། བོད་ནང་གི་ཆབ་སྲིད་ཟང་ངེ་ཟིང་ངེ་ཆགས་པའི་སྐབས་སུ། སྐུ་ངོ་རྒྱལ་ལོ་དོན་གྲུབ་རྒྱ་ནག་ལ་བཞུགས་པའི་ཐོག་ནས། བོད་གཞུང་དང་བོད་མིའི་གནས་སྟངས་དེ་ཉེན་ཁ་ཆེ་རུ་མ་འགྲོ་བའི་ཐོག་ལ་ཐུགས་ཕན་ཆེན་པོ་གསོས་འདུག་བསམས་ཀྱི་འདུག

བཙན་བྱོལ་ལ་སླེབས་ཡོང་དུས་རྒྱ་གར་གཞུང་དང་འབྲེལ་བ་རེད། ལྷག་པར་དུ་རྒྱ་ནག་མཉམ་དུ་འབྲེལ་བ་གནང་རྒྱུ་ཧ་ཅང་གི་གནད་འགག་ཆགས་བསྡད་ཡོད་རེད། ཕྱི་ལོ་ ༡༩༥༩ ནས་ ༡༩༧༩ བར་ལོ་ཉི་ཤུའི་རིང་ང་ཚོ་འདིར་དཀའ་ངལ་ཆེན་པོ་ཡོད་རེད། དཔེར་ན་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ལའང་ཏོག་ཙམ་འཛེམས་ཟོན་བྱེད་དགོས་པའི་གནས་བབ་ཡོད་རེད། ཡིན་ནའང་། སྐུ་ངོ་ས་དབང་ཆེན་མོ་དེ་དུས་ཧོང་ཀོང་ལ་བཞུགས་བསྡད་པའི་ཐོག་ནས། རྒྱ་གར་ཐོག་ནས་རེད། ཨ་རིའི་ཐོག་ནས་རེད། རྒྱ་ནག་ཐོག་ནས་རེད། ཆབ་སྲིད་ཀྱི་ཐོག་ནས་ཤུགས་རྐྱེན་ཆེན་པོ་ཡོང་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ང་ཚོ་བཙན་བྱོལ་ཆབ་སྲིད་ཀྱི་གནས་སྟངས་དེའི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་། དངོས་གནས་ཚེ་སྲོག་ཟེར་ནའང་མི་འགྲིག་པ་མེད་པ་འདྲ་པོ། ང་ཚོ་འདིར་གནས་ཐུབ་པའི་གནས་བབ་དེ་ཡང་གཅིག་ཁོང་དང་འབྲེལ་བ་ཏན་ཏན་ཡོད་རེད། རྣམ་པ་ཚོས་ཡག་པོ་བསམ་བློ་བཏང་བ་ཡིན་ན། ཁོང་གི་ཐོག་ནས་ང་ཚོ་བཙན་བྱོལ་གྱི་ཆབ་སྲིད་གནས་བབ་དང་། བོད་དོན་འཐབ་རྩོད། བོད་མིའི་སྒྲིག་འཛུགས་སམ་བོད་གཞུང་མུ་མཐུད་གནས་ཐུབ་རྒྱུར་ཏན་ཏན་མཛད་རྗེས་ཆེན་པོ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་ང་ཚོའི་དམིགས་ཡུལ་ཆགས་བསྡད་ཀྱི་ཡོད་ཅིང་། དེ་ཡོང་བར་དྲག་པོའི་དམག་གི་ཐོག་ནས་ཡོང་གི་མེད་པ་གསལ་པོ་ཆགས་ཚར་བ་རེད། ད་གིན་གོང་དུ་གསུངས་པ་ནང་བཞིན་རེད། ཆུ་བཞི་སྒང་དྲུག་དང་མཉམ་དུ་འབྲེལ་ལམ་བྱས་པ་དེའི་རྒྱུན་དེ་གནས་བབ་མེད་པ་ཆགས་ཟིན་པ་རེད། དེ་བཞིན་དམག་སྒར་ ༢༢ ཡི་གནས་བབ་ཐོག་ནས་རེད། ས་དབང་ཆེན་མོས་ཐབས་ལམ་མང་པོ་གནང་ཡོད་རེད་དེ། དེའི་གནས་བབ་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་གོ་སྐབས་མེད་པ་དེ་གསལ་པོར་མཐོང་བ་རེད། དེའི་རྗེས་ལ་རྒྱ་ནག་མཉམ་དུ་སྐད་ཆ་བཤད་ནས་འབྲེལ་བ་བྱེད་དགོས་པ་དེར་ཁོང་གིས་ཤུགས་ཆེན་པོར་འབད་བརྩོན་གནང་འདུག་བསམས་ཀྱི་འདུག དེ་ཚོ་ལས་སླ་པོ་ཁྱོན་ནས་ཡོད་མ་རེད། ང་ཚོ་གྲོས་ཚོགས་འཐུས་མི་གཅིག་ཐུག་རྒྱུ་ལའང་དཀའ་ལས་ཞེ་པོ་བརྒྱབ་དགོས་ཀྱི་འདུག སྐབས་དེ་དུས་ཀྱི་ཁ་ཕྱོགས་བསྒྱུར་ཐུབ་མཁན་གྱི་གནད་ཡོད་མི་སྣ་དེ་འདྲ་ཐུག་དགོས་ན་ལས་སླ་པོ་ཁྱོན་ནས་ཡོད་མ་རེད། རྩ་བའི་ཁོང་ལ་༧རྒྱལ་བ་རིན་པོ་ཆེའི་སྐུའི་གཅེན་པོའི་མཚན་གནས་དམིགས་བསལ་ཞིག་ཡོད་རེད་དེ། ང་ཚོ་གནས་བབ་ཀྱི་ཆ་ནས་འགྱུར་བ་ཕྱིན་ཟིན་པ་རེད། དཔེར་ན། ཕྱི་ལོ་ ༡༩༥༦ ལ་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཆིབས་བསྒྱུར་བསྐྱངས་པ་རེད། དེའི་སྐབས་རྒྱ་གར་གྱིས་སྣེ་ལེན་ཞུ་སྟངས་ལ་གཟིགས་དང་། ༡༩༥༩ ལོར་ང་ཚོ་བཙན་བྱོལ་ལ་གྱར་དུས། སྣེ་ལེན་ཞུ་སྟངས་དབར་ཁྱད་པར་ཆེན་པོ་ཡོད་རེད། ང་ཚོའི་གནས་བབ་ཧ་ཅང་གི་ཉམས་དམའ་བ་ཆགས་ཟིན་པ་རེད། དེ་འདྲའི་ཉག་ཕྲ་བའི་དུས་ཚོད་ལ་གནད་ཡོད་མི་སྣ་མང་པོ་ཞིག་ཐུག་ཐུབ་རྒྱུའི་གོ་སྐབས་ཟིན་ཐུབ་པ་དེ་ལས་སླ་པོ་རྩ་བ་ནས་ཡོད་མ་རེད་བསམས་ཀྱི་འདུག གཙོ་བོ་རྒྱ་ནག་མཉམ་དུ་སྐད་ཆ་བཤད་ནས་བོད་ཀྱི་གནད་དོན་གཙང་མ་བཟོ་དགོས་ཀྱི་འདུག རྩ་བའི་དེའི་སྔོན་ནས་ལམ་ཁ་བཟོས་ཡོད་རེད། དཔེར་ན། ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སོ་སོར་མཉམ་སྦྲེལ་རྒྱལ་ཚོགས་ནང་ལ་བོད་དོན་སྐོར་གྲོས་ཆོད་ཐེངས་གསུམ་བཞག་ཡོད་ཅིང་། གྲོས་ཆོད་ཐེངས་དང་པོའི་ནང་གཙོ་བོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སྐོར་གཙོ་འདོན་གནང་བ་དང་། གྲོས་ཆོད་ཐེངས་གཉིས་པའི་ནང་ཆབ་སྲིད་ཀྱི་གནད་དོན་ཤུགས་ཆེན་པོ་སླེབས་ཡོད་རེད། བོད་མི་ཚོར་རང་ཐག་རང་གཅོད་བྱེད་ཆོག་རྒྱུའི་ཐོབ་ཐང་ཡོད་སྐོར་འཁོད་ཡོད། ཨིན་ཇིའི་ཐོག་ལ་ Self Determination ཟེར་བ་དེ་རེད། ཆབ་སྲིད་རིག་པའི་ཐོག་ནས་བལྟས་ན། དེའི་ནང་ལོགས་ལ་ལོ་རྒྱུས་ཐོག་ནས་རང་བཙན་འཐབ་རྩོད་བྱེད་ནའང་བྱེད་ས་ཡོད་པ། རང་སྐྱོང་གི་གནས་བབ་རྩོད་ནའང་རྩོད་སའི་ལམ་ཁ་ཆ་ཚང་ཡོད་པ། དེ་འདྲའི་ཐོག་ནས་དགོངས་པ་བཞེས་ཡོང་དུས། ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ ཟེར་དུས་ཏོག་ཙམ་སྔོན་ཚུད་རེད། རྒྱ་ནག་མཉམ་དུ་དངོས་སུ་འབྲེལ་བ་དེ་ཕྱི་ལོ་ ༡༩༧༩ ལ་བྱུང་ཞིང་། སྐབས་དེར་རྒྱ་ནག་གཙོ་འཛིན་ཏིང་ཞའོ་ཕིན་མཉམ་དུ་ཐུག་ནས་བཀའ་མོལ་གནང་བ། བོད་དོན་ཐག་གཅོད་ཡོང་ཐུབ་རྒྱུའི་འབད་བརྩོན་བྱེད་སྟངས་དེ་ཚོ་དངོས་གནས་རྒྱབ་ལྗོངས་ཀྱི་ཆབ་སྲིད་འགྲོ་སྟངས་ཐོག་ནས་གོ་རིམ་སྒྲིག་པོ་བྱུང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་གནས་བབ་གནས་ཐུབ་པ།  རྒྱ་ནག་མཉམ་དུ་འབྲེལ་བ་བྱེད་དགོས་པ། བོད་པ་རང་གི་ཐོག་ནས་དམིགས་བསལ་གྱིས་འགན་ཁུར་ལེན་དགོས་པ་བཅས་ཧ་ཅང་གི་ཡག་པོ་གནང་འདུག་བསམས་ཀྱི་འདུག

དེ་ཡིན་དུས། དེ་ལ་ང་ཚོས་གོ་བ་ལེན་ཕྱོགས་དང་འབྲེལ་བ་བྱེད་ཕྱོགས་མ་འདྲ་བ་ཡོང་གི་ཡོད་རེད་དེ། ཡིན་ནའང་བརྒྱུད་རིམ་དང་། ཆབ་སྲིད་འཐབ་རྩོད་བྱེད་མཁན་ངོས་ནས་བལྟས་པ་ཡིན་ན། དེར་རིན་ཐང་ཆེན་པོ་ཆགས་བསྡད་ཡོད་རེད། དེར་ང་ཚོས་བསམ་བློ་བཏང་ནས་མཇུག་སྐྱོང་བྱེད་དགོས་ཀྱི་འདུག རྩ་བའི་ད་གིན་གོང་དུ་ཁོང་རྣམ་པས་གསུངས་སོང་། ང་ཚོས་སྤྱི་ཚོགས་དྲྭ་རྒྱ་དང་གཅིག་སྒྲིལ་ཐོག་ལ་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་ནས་རྩོད་ལེན་བྱེད་བསྡད་པ་དེ་ཚོར་དངོས་གནས་བསམ་བློ་བཏང་བ་ཡིན་ན་རིན་ཐང་ཁྱོན་ནས་ཡོད་མ་རེད། ང་ཚོར་དུས་ཚོད་གཏོང་ས་མང་པོ་ཡོད་ཀྱང་། དེའི་ཐོག་དུས་ཚོད་གཏོང་ཐུབ་ཀྱི་མི་འདུག དེ་ང་ཚོས་ནོར་བསྡད་ཀྱི་འདུག དཔེར་ན། རྒྱ་མིས་གང་འདྲ་བྱེད་ཀྱི་འདུག རྣམ་པ་ཚོས་མཁྱེན་གསལ་རེད། ཉེ་ཆར་༧རྒྱལ་བ་རིན་པོ་ཆེར་ཨ་རིའི་རོལ་དབྱངས་ Grammy གཟེངས་རྟགས་འབུལ་བཞེས་མཛད་སྐབས། ང་ཚོས་སྤྱི་ཚོགས་དྲྭ་རྒྱ་ X ནང་ལ་འཚམས་འདྲི་ཞུས་ཡོད་རེད། དེའི་འོག་ལ་མཆན་འགོད་མཁན་མང་བ་རྒྱ་མི་རེད། ༧རྒྱལ་བ་རིན་པོ་ཆེར་མཚན་སྨད་རྐྱང་རྐྱང་ཞུས་ནས་མཆན་བཀོད་ཀྱི་ཡོད་རེད། སྤྱི་ཚོགས་དྲྭ་རྒྱ་བརྒྱུད་བེད་སྤྱོད་ལོག་པ་གཏོང་གི་ཡོད་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ཀྱིས་དེ་ཚོར་གདོང་ལེན་བྱེད་ཕྱོགས་ཐོག་ལ་བསམ་བློ་གཏོང་གི་མི་འདུག་པཱ། སོ་སོའི་མི་ལ་སོ་སོས་འཛུབ་མོ་བཙུགས། སྡུག་རིགས་ངན་ཚད་ཞུས་ནས་དེ་འདྲ་སྤྱི་ཚོགས་དྲྭ་རྒྱར་བསྟན་བསྡད་ཀྱི་འདུག་པཱ། ཕ་གིར་ཁོ་ཚོས་དེ་འདྲ་གསོ་སྐྱོང་བྱས་ནས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས། དེ་འདྲའི་ཐོག་ནས། ངས་ཞུ་རྒྱུ་གཙོ་བོ་དེ་ང་ཚོར་དུས་ཚོད་གཏོང་ས་མང་པོ་ཡོད་ཀྱང་། མིག་རྒྱང་ཐུང་ཐུང་དང་། སོ་སོའི་ཚོར་བ་རང་གི་ཐོག་ནས་འགྲོ་བསྡད་ཀྱི་འདུག དེ་མ་ཡིན་པར་ང་ཚོས་བོད་ཀྱི་ཆབ་སྲིད་འཐབ་རྩོད་རང་གི་ཐོག་ལ་དགོངས་པ་བཞེས་ནས་བསམ་བློ་གཏོང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ཆབ་སྲིད་འཐབ་རྩོད་ཐོག་ལ་མ་རྩ་འདྲ་པོ་དེ་ཁོང་རྣམ་པས་ལམ་ཁ་གསལ་པོར་བསྟན་ཡོད་པ་དེར་ང་ཚོས་མཇུག་སྐྱོང་འདྲ་པོ་བྱེད་ཐུབ་ན་ཏན་ཏན་གྱིས་གཞིས་བྱེས་མཉམ་འཛོམས་ཡོང་གི་རེད་བསམས་ཀྱི་འདུག རྒྱ་ནག་གི་ཆབ་སྲིད་རེད། རྒྱལ་སྤྱིའི་ཆབ་སྲིད་ནང་ལོགས་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད་རེད། འགྱུར་བ་ཕྱིན་པ་དང་མཉམ་དུ་ང་ཚོས་གོ་སྐབས་ལེན་ཐུབ་རྒྱུར་ང་ཚོ་ཕྱུག་པོ་ཆགས་བསྡད་ཡོད་རེད་ད། ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ནས་སྤྱི་ཡོངས་ཀྱི་བོད་ཀྱི་ལོ་རྒྱུས་གནས་བབ་རེད། བར་སྐབས་ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༧ འགྲོ་ཡི་ཡོད་རེད། དེའི་ནང་ལོགས་ལ་གཅིག་ནས། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་འཛིན་སྟངས་རེད། དེ་བཞིན་ང་ཚོར་སློབ་སྟོན་གནང་མཁན་དང་། རྒྱབ་སྐྱོར་གནང་མཁན་རེད། དེ་ཚོའི་ཆབ་སྲིད་འཛིན་སྟངས་རེད། ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་ང་ཚོ་ཕྱུག་པོ་ཆགས་བསྡད་ཀྱི་འདུག ཕྱུག་པོ་ཆགས་ཡོད་པ་དེ་ང་ཚོས་བེད་སྤྱོད་དང་དེའི་ཐོག་ལ་དགོངས་པ་བཞེས་ཐུབ་ན། ཏན་ཏན་གྱིས་ཁོང་རྣམ་པའི་རྗེས་དྲན་ངོ་མ་དེ་ཆགས་ཀྱི་རེད་བསམས་ཀྱི་འདུག ད་ལྟ་དུས་རབས་གཅིག་ཅེས་གསུངས་པ་ནང་བཞིན་རེད། སྐུ་ངོ་ས་དབང་ཆེན་མོ་ཕྱི་ལོ་ ༡༩༢༨ ནས་ ༢༠༢༥ བར་བཞུགས་པ་རེད། དགུང་ལོ་ ༩༧ དུས་རབས་གཅིག་བོད་བསྟན་སྲིད་ཀྱི་ཆེད་དུ་བློས་བཏང་བ་རེད། དེ་ཡིན་དུས། རྗེས་དྲན་དེའི་ཐོག་ནས་ང་ཚོས་བསམ་བློ་བཏང་སྟེ། དམིགས་བསལ་ང་ཚོའི་གནས་བབ་ཀྱི་ཐོག་ལ་འགྱུར་བ་གཏོང་ཐུབ་རྒྱུའི་ཐབས་ལམ་ག་རེ་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་ཐུབ་ན། ཁོང་རྣམ་པའི་རྗེས་དྲན་ངོ་མ་དེ་གཅིག་ཆགས་ཀྱི་འདུག་བསམས་ཀྱི་འདུག

རྒྱ་ནག་མཉམ་དུ་ཐོག་མར་འབྲེལ་བ་བྱེད་སྐབས། ཏིང་ཞའོ་ཕིན་གྱིས་སྐུ་ངོ་ས་དབང་ཆེན་མོར་ཁྱེད་ང་ཐུག་འཕྲད་དུ་ཤོག་ཅེས་གསུངས་ཡོད་རེད། དེ་མ་གཏོགས་ཁྱེད་རང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་བྱས་ནས་ཤོག་ཅེས་གསུངས་ཡོད་མ་རེད་ད། ལན་དེ་འབྱོར་རྗེས། སྐུ་ངོ་རྒྱལ་ལོ་དོན་གྲུབ་ཚུར་རྒྱ་གར་ལ་བཅར་ཏེ་༧རྒྱལ་བ་རིན་པོ་ཆེའི་དགོངས་སྐོར་ཞུས། ༧རྒྱལ་བ་རིན་པོ་ཆེས་ཁྱེད་རང་གཞུང་འབྲེལ་ཐོག་ནས་མ་ཡིན་པར་སྒེར་གྱི་ངོ་བོའི་ཐོག་ནས་སོང་། སྐད་ཆ་ཉན་ཤོག་ཅེས་གསུངས་པ་རེད། དེ་ཡང་ངས་གནད་འགག་ཆེན་པོ་ཡོད་རེད་བསམས་ཀྱི་འདུག ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་མཉམ་དུ་འབྲེལ་བ་བྱུང་སྐབས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་མཉམ་དུ་ངེས་པར་དུ་འབྲེལ་བ་བྱེད་དགོས་ཡོད་ཅེས་བཤད་བསྡད་ཀྱི་ཡོད་རེད། ང་ཚོའི་ཚོགས་ཆུང་གི་ཐོག་ནས་ཀྱང་དེ་ལྟར་གསལ་བསྒྲགས་བྱས་ཡོད་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་ཐོག་ནས་འབྲེལ་བ་གནང་ན་མ་གཏོགས། གཞན་འབྲེལ་བ་བྱེད་སའི་ལམ་ཁ་མེད་བ་འདྲ་པོ་ཅིག་གསུངས་ཡོད་རེད། འོན་ཀྱང་སྐབས་དེ་དུས་རྒྱ་ནག་གཞུང་གིས་སྐད་བཏང་དུས་༧སྐུའི་གཅེན་པོ་ཡིན་པའི་ཆ་ནས་འབྲེལ་བ་ཞིག་བཏགས་ན་མ་གཏོགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་བྱས་ནས་ཤོག་ཅེས་གསུངས་ཡོད་མ་རེད། དེར་ང་ཚོས་སྤྱི་ཡོངས་ཀྱི་བསམ་བློ་ཞིག་བཏང་བ་ཡིན་ན། སྐུ་ངོ་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་བོད་མི་ཞིག་དང་། གནད་ཡོད་མི་སྣ་ཞིག་ཡིན་པའི་ཆ་ནས་ཏིང་ཞའོ་ཕིང་ཐུག་འཕྲད་དུ་ཤོག་ཅེས་ལབ་པ་རེད། དེ་ཡིན་དུས། མ་འོངས་པར་ང་ཚོས་རྩ་དོན་འཐབ་རྩོད་ཐོག་ལ་བསམ་བློ་བཏང་བ་ཡིན་ན། དེ་གལ་ཆེན་པོ་རེད་བསམས་ཀྱི་འདུག ཉིན་མ་གཅིག་རྒྱ་ནག་མཉམ་དུ་འབྲེལ་མོལ་སྐད་ཆ་གང་བྱུང་བ་ཡིན་ནའང་། ཡང་ན་སྒྲིག་འཛུགས་མཉམ་དུ་སྐད་ཆ་བཤད་དགོས་པ་དང་། ཡང་ན་བོད་མི་མཉམ་དུ་བཤད་དགོས་པ་རེད་མ་གཏོགས། ལམ་ཁ་གསུམ་པ་ཞིག་ཡོད་མ་རེད། དེ་ཡིན་དུས། དེ་འདྲའི་ཐོག་ནས་ང་ཚོ་བཙན་བྱོལ་ལ་གྱར་ནས་རྒྱ་ནག་མཉམ་དུ་འབྲེལ་བ་མར་བྱུང་སྟངས་དེ་ཧ་ཅང་གི་ཡག་པོ་བྱུང་འདུག་བསམས་ཀྱི་འདུག སྐབས་དེའི་འབྲེལ་བ་བྱེད་ས་ངོ་མའི་གནས་བབ་ཐོག་ལ་བསམ་བློ་བཏང་བ་ཡིན་ནའང་། རྒྱ་ནག་གི་སྲིད་འཛིན་མཉམ་དུ་འབྲེལ་བ་བྱས་ཐུབ་པ་རེད། དེའི་གོང་ལ་སུ་གཅིག་མེད་དུས། དེའང་རིན་ཐང་ཆེན་པོ་ཆགས་བསྡད་ཡོད་རེད། ༧རྒྱལ་བ་རིན་པོ་ཆེས་ཁྱེད་རང་ཐུག་འཕྲད་དུ་སོང་ཅེས་བཀའ་ཕེབས་པའི་ཐོག་ནས། རྒྱ་ནག་གི་སྲིད་འཛིན་དང་ཐད་ཀར་འབྲེལ་བ་དང་། རྡ་རམ་ས་ལ་དང་པེ་ཅིང་དབར་འབྲེལ་བ་བྱུང་བ་རེད། དེའི་གནས་བབ་རྒྱ་ནག་གི་ཐོག་ནས་རྩ་ཆེན་པོ་བརྩིས་མིན་ཤེས་ཀྱི་མེད་དེ། ང་ཚོའི་ཐོག་ནས་རྩ་ཆེན་པོ་ཆགས་བསྡད་ཡོད་རེད། རིམ་པས་རྒྱ་ནག་གི་ཐོག་ནས་ཀྱང་རྩ་ཆེན་པོ་བརྩི་དགོས་པའི་གནས་བབ་ཆགས་ཀྱི་རེད་བསམས་ཀྱི་འདུག སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་རྣམ་དཔྱོད་དང་། ཤེས་ཡོན། མཛད་འཕྲིན་བཅས་ལ་བརྟེན་ནས་བྱུང་བ་ཞིག་ལ་ཏན་ཏན་ངོས་འཛིན་བྱེད་ཆོག་གི་རེད་བསམས་ཀྱི་འདུག

ཕྱི་ལོ་ ༡༩༦༠ ནས་བཟུང་ང་ཚོ་བོད་མི་ཚོར་མང་གཙོ་གསོལ་སྩལ་གནང་བ་རེད། ད་ཆ་མི་མང་གིས་མང་གཙོའི་ལམ་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་བྱས་ནས་འགྲོ་ཡི་ཡོད་རེད། དེ་ཡང་ལོ་གང་ལ་གང་འཚམས་ཕྱིན་པ་རེད། སྐབས་དེ་དུས་ང་ཚོ་བཙན་བྱོལ་ལ་སླེབས་ཚར་ཙམ་རེད། ངོ་ཤེས་པ་གནམ་དང་ས་འདྲ་པོ་མ་གཏོགས་མེད་པ་རེད། ང་ཚོའི་གནས་བབ་ཀྱི་ཐོག་ནས་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་ཤེས་ཀྱི་མེད་པ་མ་ཟད་ཆབ་སྲིད་ལའང་དེ་ནས་རྒྱུས་མངའ་ཡོད་མ་རེད།  ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་པའི་ཐོག་ནས་མར་མི་མང་ལ་མང་གཙོ་གསོལ་སྩལ་གནང་ཞིང་། དེའི་ཐོག་ལ་སྐུ་ངོ་ས་དབང་ཆེན་མོས་ཤར་བསྐྱོད་གནང་སྟེ། བཀའ་བློན་ཁྲི་པར་ཕེབས་པ་དང་། བཀའ་བློན་ཁྲི་པ་གནང་རིང་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཐོག་ལ་དམིགས་བསལ་གྱིས་སྲོག་ཤིང་འདྲ་པོ་གཅིག་ཁོང་གིས་གནང་ཡོད་རེད་བསམས་ཀྱི་འདུག  དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་ཐོག་ནས་བལྟས་པ་ཡིན་ནའང་། སྲོག་ཤིང་འདྲ་པོ་ཆགས་བསྡད་ཀྱི་འདུག དེ་ཡིན་དུས། ང་ཚོས་རྗེས་དྲན་ཞུ་རྒྱུ་དེའི་ཐོག་ནས་ཞུས་བཞག་པ་ཡིན་ན། ནང་ཁུལ་ཆུང་ཆུང་དེ་ཚོ་རང་བཞིན་གྱིས་ཕར་ཡལ་འགྲོ་ཡི་རེད། དཔེར་ན། མཚན་མོའི་ནམ་མཁའ་གཡའ་དག་སོང་བ་ཡིན་ན། སྐར་མ་དང་། ཟླ་བ་ཁྲ་རོག་རོག་ཅིག་མཐོང་གི་ཡོད་རེད། དེ་མ་ཡིན་པར། སྤྲིན་པ་མང་པོ་ཞིག་གིས་བསྒྲིབས་སོང་བ་ཡིན་ན། ཟླ་བ་དང་ཉི་མ་མཐོང་གི་མ་རེད་པཱ། ཁོང་རྣམ་པའི་རླབས་ཆེན་གྱི་དགོངས་གཞི་དེ་ཚོར་བསམ་བློ་བཏང་ནས། ང་ཚོའི་ནུས་པ་དེ་ཚང་མས་མཐོང་རྒྱུ་ཡོད་པ་ཞིག ཁུ་སིམ་པོ་དང་ངོ་ལྐོག་རྒྱབ་མདུན་བྱེད་མ་དགོས་མཁན་ཞིག་བྱུང་ཐུབ་པ་ཡིན་ན། ང་ཚོར་རྗེས་དྲན་ངོ་མ་དེ་ཆགས་ཀྱི་འདུག དེ་འདྲའི་ཐོག་ནས་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག་བསམས་ཀྱི་འདུག

རྩ་བའི་ང་ཚོར་སྐུ་ངོ་ས་དབང་ཆེན་མོ་མཉམ་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་ཡོད་མ་རེད། ང་ཚོ་རྗེས་ལ་རེད། སྐུ་ངོ་ཁོང་རྣམ་པ་ང་ཚོ་བཙན་བྱོལ་ནང་གི་མི་རབས་དང་པོའི་གྲས་རེད། མི་རབས་དང་པོའི་གྲས་ལ་འགན་འཁུར་མཁན་མང་པོ་བྱུང་ཡོད་རེད། ཁོང་རྣམས་དང་མཉམ་དུ་ཕྱག་ལས་གནང་རྒྱུ་བྱུང་ཡོད་མ་རེད། ཡིན་ནའང་ང་ཚོ་བཙན་བྱོལ་ནང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་སྐབས། སྐུ་ངོ་ང་ཚོ་ཚོགས་ཆུང་གཅིག་འཁེལ་སོང་། དེ་དུས་སྐུ་ངོ་ཡིས་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་བོད་ཀྱི་གནས་སྟངས་སོགས་ཀྱི་ཐོག་ལ་ཡུན་རིང་པོ་གཅིག་གསུང་བཤད་གནང་སོང་། དེའི་རྗེས་ལ་ང་རང་སྤྱི་འཐུས་ཚོགས་གཞོན་ཡིན་པའི་སྐབས་སུ། ཕྱི་ལོ་ ༢༠༡༥ ལོར་ཐེངས་གཅིག་སྐུ་ངོ་ཆེད་མངགས་དེར་ཕེབས་ནས། བཀའ་ཤག་ལའང་ཡོང་གི་ཡིན། གྲོས་ཚོགས་ལའང་ཡོང་གི་ཡིན། སྐད་ཆ་ཤོད་རྒྱུ་ཡོད། ང་ཚོར་དུས་ཚོད་གནང་རོགས་ཞེས་ལན་སླེབས་སོང་། ང་ཚོའི་ངོས་ནས་སྐུ་ངོ་ག་དུས་སྟབས་བདེ་ནའང་ཕེབས་གནང་རོགས། ང་ཚོས་གྲ་སྒྲིག་ཞུ་ཡི་ཡིན་ཞེས་ལན་ཕུལ་རྗེས། ཁོང་གིས་དུས་ཚོད་གནང་བ་གཞིར་བཟུང་། སྤྱི་འཐུས་རྒྱུན་ལས་ཚང་འཛོམས་ཐོག་གསུང་བཤད་ཆུ་ཚོད་གཅིག་ཡས་མས་ཙམ་གནང་སོང་། ཁོང་གིས་བོད་དོན་ཆེད་སྐུ་ལས་བསྐྱོན་པ་དང་། ང་ཚོར་ཐབས་བྱུས་ཕྱུག་པོ་ཡོད་པ། བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་སེམས་ཤུགས་ཆག་རྒྱུ་མེད་པ། གོ་སྐབས་ཡོད་པ་ཞིག་གསུངས་ཡོང་དུས། མ་འོངས་པར་ང་ཚོས་ལས་ཀ་ཞིག་བྱེད་ན། གོ་སྐབས་འདུག་བསམས་བསམས་ཀྱི་ཚོར་བ་ཞིག་སྤྲད་སོང་། ཁོང་གི་ཐུགས་གཤིས་ལ་རྒྱུས་མངའ་དེ་ཙམ་མེད་ནའང་། ཁོང་ནི་ཐུགས་གཤིས་ཧ་ཅང་གི་དྲང་པོ་རེད་འདུག འགྲིག་ན་འགྲིག་པ་དང་། མ་འགྲིག་ན་མ་འགྲིག་པ། ང་ཚོ་བོད་པའི་དཔེར་ནམ་ལངས་ན་འགྲོ་བདེ། ཁ་སངས་ན་གོ་བདེ་ཞེས་ཡོད་པ་ལྟར། དེ་ག་ནང་བཞིན་འདྲ་པོ་མཐོང་སོང་། ༧རྒྱལ་བ་རིན་པོ་ཆེ་ཚུར་བཙན་བྱོལ་ལ་ཕེབས་དུས། བོད་ལྷོ་ཁ་ཕྱོགས་ལ་རྒྱ་མིའི་དམག་མི་གཅིག་རྐྱང་སླེབས་ཡོད་མ་རེད། ཆུ་བཞི་སྒང་དྲུག་གི་བཀའ་དྲིན་ལས་རྒྱ་མི་གཅིག་རྐྱང་ཡོད་མ་རེད། ཚུར་ལམ་ཁ་བདེ་པོའི་ངང་ཕེབས་ཐུབ་ཡོད་ཅེས་དང་། ཡང་གཞན་པ་ཞིག་ལ་དེ་གསུངས་སོང་། རྒྱ་གར་སྲིད་བློན་ནེ་རུ་དང་འབྲེལ་བའི་ཐོག་ལ་རེད། ནེ་རུ་ཡིས་སྐུ་ངོ་ས་དབང་ཆེན་མོ་ཆེད་མངགས་སྐད་བཏང་ནས་བཀའ་ཤག་ལ་ཕར་གསུང་དགོས་པ་དེ་འདྲ་མངགས་སོང་། ངས་ཕར་ཞུས་པ་རེད་དེ། སྐབས་དེ་དུས་བཀའ་ཤག་གཉིད་ཁུག་ནས་བསྡད་ཡོད་རེད། ལན་ཁྱོན་ནས་སླེབས་ཀྱི་མ་རེད། གསལ་པོ་ཞེ་དྲག་རེད་ཅེས་གསུངས་སོང་། གནས་ཚུལ་གང་བྱུང་བ་རྣམས་གསལ་པོ་གསུང་ཐུབ་མཁན་ཧ་ཅང་གི་དྲང་པོ་དང་། སྲོང་པོ་ཞིག་མཐོང་སོང་། ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་བསམ་བློ་བཏང་ཡོང་དུས། སེམས་ཤུགས་མ་ཆག་པའི་ཐོག་འགྲོ་ཐུབ་དགོས་པ་དང་། ང་ཚོར་རེ་བ་ཆེན་པོ་འདུག་བསམས་བསམས་ཁོང་གིས་གསུང་སྟངས་ལ་འདུག དེ་ཡང་གཙོ་བོ་ཁོང་གི་ཉམས་མྱོང་དང་། མཁྱེན་ཡོན། གདེང་ཚོད། སྤོབས་པ་ཞེ་པོ་འདུག ད་རེས་དེ་འདྲ་བའི་མི་སྣ་ཞིག་ལ་ང་ཚོས་རྗེས་དྲན་ཞུ་ཡི་ཡོད་རེད། ང་ཚོས་དེ་ཚོའི་ཐོག་སློབ་སྦྱོང་བྱས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་རེད། ཁོང་རྣམ་པ་མི་རབས་རྒན་པ་ཚོའི་དགོངས་གཞི་དེ་དག་ལག་ལེན་བསྟར་ཐུབ་པ་ཡིན་ན། བོད་ཀྱི་ཆོས་དང་། རིག་གཞུང་དེ་ཚོའི་ཐོག་ཐུགས་ཕན་གསོས་ཀྱི་རེད་བསམས་ཀྱི་འདུག དེ་ཙམ་ཡིན། ངས་སྐད་ཆ་འདིར་མཇུག་བསྡུ་ཡི་ཡིན། དེ་རིང་རྗེས་དྲན་མཛད་སྒོ་གོ་སྒྲིག་གནང་མཁན་དང་། གསུང་བཤད་གནང་མཁན། མཉམ་བཅར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། སྐུ་ངོ་དམ་པ་ཁོང་གིས་བོད་མི་རིགས་དང་། བོད་རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་གནང་བ་རྣམས་ལ་རྗེས་སུ་དྲན་པའི་ཐོག་ནས་ཐོག་མར་གུས་འདུད་ཞུ་རྒྱུ་ཡིན། དེ་འདྲའི་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་དུ་མ་ཞིག་ཡོད་པ་རེད། དེ་རིང་ང་ཚོས་ཁོང་གི་སྐུ་ཚེའི་བློས་གཏོང་དེ་ཚོ་དྲན་པའི་ཐོག་ནས་མ་འོངས་པར་བསླབ་བྱ་གང་ལེན་དགོས་པའི་ཐོག་བལྟ་དགོས་པའི་དུས་ཚོད་གཅིག་ཆགས་ཀྱི་མིན་ནམ་བསམས་ཀྱི་འདུག དེ་ཡིན་དུས་ངས་འདི་ནས་མར་གང་བཤད་པ་དེ། ང་ལོ་རྒྱུས་མཁས་པ་མ་རེད། ཉམས་ཞིབ་པའང་མ་རེད། རྗེས་དྲན་གོ་སྒྲིག་ཚོགས་ཆུང་ནང་གི་ཕྱག་སྦྲེལ་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་ཀྱིས་ཡང་ནས་ཡང་དུ་སྐུལ་མ་བྱུང་བ་ཡིན་ཙང་སླེབས་བསྡད་པ་ཞིག་ཆགས་ཀྱི་ཡོད་པ་རེད། འདི་ནས་ངས་གང་བཤད་པའི་ནང་ལོགས་ལ་གཅིག་བྱས་ན་ངས་ལྟ་ཕྱོགས་ནོར་བ་དང་། གོ་ཕྱོགས་ནོར་བ་དེ་འདྲ་ཡོད་རེད། དེ་ང་རང་གིས་མ་ཤེས་པ་དང་། མཐོང་རྒྱ་ཐོས་རྒྱ་ཆུང་བ་རང་ལ་ངོས་ཤེས་གནང་རོགས་གནང་ཞེས་དང་པོ་དེ་ཞུ་རྒྱུ་ཡིན། དུས་རྒྱུན་རྒྱལ་རབས་དགེ་རྒན་ཚོས་རྒྱལ་རབས་སློབ་ཁྲིད་གནང་བའི་སྐབས་སུ་དྲང་པོ་དྲང་གཞག་གིས་རྒྱལ་རབས་སློབ་སྦྱོང་བྱེད་དགོས་ཀྱི་རེད་ཅེས་བཤད་ཀྱི་རེད། ཨིན་ཇིའི་ནང་ History Should be Remembered Honestly ཞེས་ལབ་ཀྱི་ཡོད་རེད། དེའི་གོ་དོན་ནི། ང་ཚོས་ལོ་རྒྱུས་མར་འབྲི་བའི་སྐབས་སུ། ལོ་རྒྱུས་ནང་ལེགས་པའི་ཆ་དང་། ཞན་པའི་ཆ་གང་ཡང་ཡོད་པ་དེ་དག་ཡོངས་རྫོགས་ལས་གྲུབ་པའི་ལོ་རྒྱུས་གསལ་དགོས་པ་ལས། ལེགས་པའི་ཆ་རྐྱང་རྐྱང་བྲིས་པ་ཡིན་ན་དེ་ལོ་རྒྱུས་ཡང་དག་པ་གཅིག་ཆགས་ཀྱི་མ་རེད་ཅེས་གསུང་གི་ཡོད་རེད། ཐོག་མར་དེར་སྐུ་ངོ་ལ་རྗེས་དྲན་ཞུ་དགོས་པ་དེ། ཁོང་གིས་ཕྱག་དེབ་རང་རྣམ་དེ་མར་བཏོན་ཐུབ་པ་དེ་ག་རང་གཅིག་ཆགས་ཀྱི་ཡོད་རེད། སྐབས་དེའི་བོད་མི་རིགས་ཀྱི་ཛ་དྲག་གནས་སྟངས་རྣམས་ཕྱག་དེབ་ནང་བཀོད་ཐུབ་པ་དེ་རླབས་ཆེན་གྱི་བྱས་རྗེས་རེད་བསམས་པའི་ཐོག་ནས་ངས་ཁོང་ལ་གུས་འདུད་ཞུ་ཡི་ཡོད། གང་ཡིན་ཟེར་ན། ང་ཚོའི་མཐོང་སྣང་ལ་མིང་རྒྱབ་འཁུར་གྱི་མི་རྣམས་མཐོང་བསྡད་ཀྱི་ཡོད་པ་མ་གཏོགས། དེ་མིན་པའི་རྒྱབ་ལ་གསང་བའི་ཐོག་ནས་ཕྱག་ལས་གནང་མཁན་རྣམས་ང་ཚོའི་མིག་ལམ་དུ་མེད་དུས། དངོས་གནས་ཀྱིས་བྱས་རྗེས་དང་བློས་གཏོང་རྣམས་མཐོང་རྒྱུ་དཀོན་པོ་རེད། ཁོང་གིས་རང་རྣམ་དེ་འདྲ་ཞིག་བཞག་ཐུབ་པ་དེ། ཉམས་ཞིབ་གནང་མཁན་རྣམ་པ་ཚོར་དཔྱད་པ་བྱ་རྒྱུའི་གཞི་ཞིག་ཆགས་ཡོད་རེད་ལ། ལོ་རྒྱུས་ཀྱི་ཁ་བསྐོང་ཞིག་ཀྱང་ཆགས་ཀྱི་ཡོད་དུས། དེ་ཧ་ཅང་གི་རླབས་ཆེན་རེད་འདུག་ཅེས་ང་རང་གིས་ངོས་འཛིན་དེ་ལྟར་བྱེད་ཀྱི་ཡོད། རྩ་བའི་ང་ཚོའི་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་། སྤྱི་ཚོགས་ཚན་རིག་དེ་ཚོ་འཚལ་བར་འགྲོ་དུས། ཧ་ཅང་དཀོན་པོ་འདུག་ཅེས་ཟེར་གྱི་ཡོད་རེད། ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་ཚན་རིག་དེ་ཚོ་ཆོས་འབྱུང་ནང་འཚལ་བར་འགྲོ་ན་མ་གཏོགས། བོད་མིའི་སྤྱི་ཡོངས་ཀྱི་མི་ཚེའི་བདེ་སྡུག་དང་དཀའ་ངལ་སྐོར་གྱི་ལོ་རྒྱུས་རག་རྒྱུ་ཁག་པོ་ཆགས་ཡོད་དུས། ༧རྒྱལ་བ་རིན་པོ་ཆེས་དུས་རྒྱུན་བོད་མི་ཚོས་སོ་སོའི་ལོ་རྒྱུས་རྣམས་མི་རབས་རྗེས་མར་བཞག་དགོས་པ་གནད་འགག་ཡིན་པའི་བཀའ་སློབ་ཕེབས་ཀྱི་ཡོད། བསླབ་བྱ་དེའི་ཁྲོད་ནས་རང་རྣམ་དེ་འདྲ་ཞིག་ཕེབས་པ་ཡིན་དུས་ཧ་ཅང་གི་རླབས་ཆེན་རེད།

བོད་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཆེ་བའི་སྐབས་སུ་སྐུ་ངོ་རྒྱལ་ལོ་དོན་གྲུབ་དགུང་ལོ་བཅུ་བཞིའི་ཐོག་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཤིང་། རྒྱལ་ཚབ་ར་སྒྲེང་རིན་པོ་ཆེ་དང་། རྒྱལ་བའི་ཡབ་ལྷན་རྒྱས་བཀའ་བསྡུར་གནང་སྟེ། རྒྱ་ཡིག་དང་། རྒྱ་ནག་གི་ཆབ་སྲིད་ཐོག་ལ་མ་འོངས་པར་༧རྒྱལ་བ་རིན་པོ་ཆེས་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་སྐབས་སློབ་སྟོན་འབུལ་མཁན་གྱི་ངོ་བོར་དམིགས་ནས་རྒྱ་ནག་ལ་སློབ་སྦྱོང་དུ་བཏང་བ་རེད། སློབ་ཕྲུག་ཡིན་པའི་དུས་ནས་ཁོང་གིས་རྒྱ་ནག་གི་རྒྱལ་རབས་ནང་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་ནམ་ཡང་མིན་འདུག་ཅེས་གསུངས་ཡོད་པ་དང་། དེ་ནི་རྒྱའི་སྤྱི་ཚོགས་ནང་སློབ་སྦྱོང་གནང་བའི་སྐབས་སུ་བོད་འདི་རྒྱ་ཁོངས་ནམ་ཡང་མིན་པའི་ར་སྤྲོད་གསལ་པོ་གནང་འདུག་པ་དེ་ཧ་ཅང་གི་རླབས་ཆེན་རེད། ཕྱིས་སུ་རྒྱ་ནག་ནང་དམར་ཤོག་སླེབས་རྗེས། ཚུར་རྒྱ་གར་ལ་ཕེབས་པའི་སྐབས་སུ་གོ་སྐབས་མང་པོ་ཐོབ་ཡོད་རེད། སྐབས་དེ་དུས་བོད་པ་གཅིག་རྒྱ་ནག་དང་། ཧོང་ཀོང་། རྒྱ་གར་ནང་འགྲོ་མཁན་ཁོང་གཅིག་པུ་ཡིན་ཞིང་། དེ་ཡང་༧སྐུའི་གཅེན་པོ་ཡིན་པ་དང་། ༧སྐུའི་གཅེན་པོས་ཞལ་ནས་གང་གསུང་པ་དེ་ལ་ཆབ་སྲིད་ཀྱི་ལྗིད་ཁོག་ཡོད་པ་རྒྱལ་ཁབ་ཚང་མས་གདེང་འཇོག་བྱེད་ཀྱི་ཡོད་རེད། དེ་འདྲའི་དུས་སྐབས་སུ། རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་རྒྱ་གར་ Doon School ནང་སློབ་སྦྱོང་གི་གོ་སྐབས་གནང་ཡང་ཁོང་གིས་བཞེས་མི་འདུག དེས་མ་ཟད་ཨ་རིའི་ Stanford College ནང་སློབ་སྦྱོང་གི་གོ་སྐབས་ཐོབ་ཀྱང་བཞེས་མི་འདུག དེ་དག་ཧ་ཅང་གི་བློས་གཏོང་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ནང་ལ་མི་རིགས་དང་རྒྱལ་ཁབ་ལ་དགོས་མཁོ་ཡོད་པའི་སྐབས་སུའང་སོ་སོའི་ཁེ་ཕན་གདམ་ཁ་བྱེད་མཁན་ཡོད་རེད་པཱ། དེ་འདྲའི་དུས་ཚོད་གཅིག་ལ་སོ་སོའི་ཤེས་ཡོན་གོ་སྐབས་དང་མི་ཚེ་བློས་གཏོང་གནང་ནས་༧རྒྱལ་བ་རིན་པོ་ཆེ་དང་། བོད་མི། བོད་གཞུང་གི་ཛ་དྲག་གནས་སྐབས་སུ་ཕྱིའི་སྐད་ཡིག་ཤེས་པ་དེས་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་ཐོག་དགོངས་པ་བཞེས་ནས་བློས་གཏོང་གནང་འདུག དེ་དག་ཧ་ཅང་གི་བློས་གཏོང་ཆེན་པོ་རེད། ཁོང་གིས་གསུངས་འདུག་པཱ། གལ་སྲིད་ངས་སློབ་སྦྱོང་ཞིག་བྱས་ཡོད་ན་ཕལ་ཆེར་ང་འབུམ་རམས་པ་ཞིག་ཆགས་སྲིད་ཀྱི་རེད། ཡིན་ནའང་བོད་མི་རིགས་ལ་དཀའ་ངལ་ཆེན་པོ་དེ་འདྲ་ཞིག་འཕྲད་པའི་དུས་སུ་ངས་སློབ་སྦྱོང་བྱས་ནས་བསྡད་ན་འགྲིག་གི་མི་འདུག་བསམས་ནས་བོད་ནང་སླེབས་རྒྱུར་ཐབས་ཤེས་སྣ་ཚོགས་གནང་འདུག ལོ་རྒྱུས་ལ་རྒྱབ་བཤིག་བརྒྱབ་ཡོང་དུས། ཨིན་ཇིའི་ནང་ Unsung Hero གོ་གནས་མེད་པའི་མཛད་རྗེས་ཅན་ཞིག་ཆགས་ཡོད་རེད། ༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་། རྒྱ་ནག་དབར་བང་ཆེན་དང་མཚམས་སྦྱོར་གནང་མཁན་དེ་གཙོ་བོ་ཁོང་རང་ཆགས་ཡོད། ཕར་ཕེབས་པའི་སྐབས་སུའང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅིངས་གྲོལ་ཟེར་བ་དེ་རྫུན་མ་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་བཏང་བ་རྣམས་ཁོང་གིས་གང་ཐུབ་ཅི་ཐུབ་ཀྱིས་གསུངས་འདུག མཚམས་སྦྱོར་གནང་བའི་སྐབས་སུའང་ང་ཚོའི་ཕྱོགས་ནས་བཀའ་ལན་མ་བྱུང་བར་སྐུ་ལས་ཆེན་པོ་བྱུང་འདུག དཔེར་ན་རྒྱ་གར་ལ་བཞུགས་པའི་སྐབས་སུ་ཨ་རིའི་གཞུང་ཚབ་ཆེན་མོ་དང་། རྒྱ་གར་སྲིད་བློན་ནེ་རུའི་སློབ་སྟོན་པ་སོ་སོར་མཇལ་འཕྲད་ཀྱིས་བོད་གཞུང་ལ་ལན་ཡོད་པ་རྣམས་ཕུལ་རྗེས། བོད་གཞུང་ནས་ཚུར་བཀའ་ལན་མ་བྱུང་བར་ཐུགས་ཕམ་དེ་འདྲ་བྱུང་འདུག ཁོང་འདྲ་བའི་བློས་གཏོང་ཆེན་པོ་གནང་མཁན་མཛད་རྗེས་ཅན་གྱི་རྗེས་དྲན་ཞུ་རྒྱུ་མ་ཆད་པ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་རེད། དེ་ཡིན་དུས་དེ་རིང་རྗེས་དྲན་གོ་སྒྲིག་ཞུ་མཁན་དང་། ཐོག་མར་ཐུགས་ལ་དྲན་མཁན་ཚོ་རེད། དེ་ལ་རྒྱབ་སྐྱོར་གནང་མཁན་ཚོ་རེད། དེ་བཞིན་རོགས་པ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

རྗེས་སུ་༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་ལ་ཕེབས་པའི་སྐབས་སུ། སྔོན་ཚུད་ནས་སྐུ་ངོ་དམ་པ་མཆོག་གིས་རྒྱ་གར་སྲིད་བློན་ནེ་རུ་མཆོག་ལ་མཇལ་བའི་ཐོག་ནས་རྒྱ་གར་ནང་བཙན་བྱོལ་ལ་ཕེབས་ཆོག་ཆོག་བཟོས་པའི་སྐོར་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་ཀྱི་རང་རྣམ་ནང་ལའང་གསལ་པོ་ཡོད་རེད། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་དོན་གྲོས་ཆོད་རིམ་པ་གསུམ་བཞག་ཐུབ་ཡོད་པ། ད་ལྟ་གོང་དུ་བཀའ་གནང་བ་གཞིར་བཟུང་རེད། བསྟན་སྲུང་དང་བླངས་དམག་སྒར་ལ་སྐུ་ངོ་ཁོང་གི་ངོས་ནས་འབྲེལ་བ་བྱས་བཞག་པ་མེད། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་སྐུ་ངོ་ཁོང་ལ་འབྲེལ་བ་བྱས་ནས་མཚམས་སྦྱོར་བྱེད་རྒྱུར་སྐུལ་མ་གནང་སོང་ཞེས་གསུངས་ཡོད་པ་དང་། རྗེས་སུ་ཨ་རིིའི་མཐུན་འགྱུར་ཆད་པ་རེད་པཱ། དེ་དུས་ནས་བསླབ་བྱ་ལེན་རྒྱུ་མང་པོ་ཡོད་རེད། དེའི་སྐབས་སུ་རྒྱ་ནག་དང་ར་ཤི་ཡའི་དབར་འགལ་ཟླ་བྱུང་བར་བརྟེན་ནས། རྒྱ་ནག་ཨ་རིའི་ཕྱོགས་སུ་ཡོང་རྒྱུར་བོད་དེ་ Bargaining Chip ལྟ་བུར་བེད་སྤྱོད་བྱས་པ་རེད། རྒྱ་ནག་དང་ཨ་རི་འགྲིག་འཇག་བྱུང་ཡོང་དུས། གློ་དམག་སྒར་ལ་གོ་ལག་མཚམས་འཇོག་དང་སྒོ་བརྒྱབ་དགོས་པ་ཆགས་པ་རེད། དེ་དག་ནས་བསླབ་བྱ་ལེན་རྒྱུ་མང་པོ་ཡོད་རེད། སྤྱི་ཚོགས་ནང་ལས་ཀ་བྱས་པའི་ཞོར་དུ་ལབ་གླེང་ཡོད་ཡོད་པ་རེད། ཡང་སྙིང་ངས་བསྡོམས་ག་རེ་བརྒྱབ་ཀྱི་ཡོད་ཅེ་ན། སྐུ་ངོ་ཁོང་རང་གིས་ཞལ་ནས་བཀའ་གང་གནང་བ་དེ་ལ་ཆ་བཞག་གི་ཡོད། སྐུ་ངོ་ཡིས་ངས་ཨམ་ལྕོག་བྱས་ནས་རྒྱ་ནག་དང་། བོད་གཞུང་གི་དབར་འབྲེལ་བ་གནང་སྐབས། འགྲིག་པ་ལབ་པ་གང་ཡང་མེད་ལ་མ་འགྲིག་པ་ལབ་པའང་གང་ཡང་མེད། ཕར་ནས་གང་གསུངས་པ་དེ་ངས་ཚུར་ལན་སྤྲད། ཚུར་ནས་གང་གསུངས་པ་དེ་ཕར་ལ་ལན་བསྐྱལ་པ་མ་གཏོགས་འགྲིག་འདུག་དང་མི་འདུག་བཤད་པ་གང་ཡང་མེད། དེ་འདྲ་བའི་ཕྱག་ལས་གནང་བའི་སྐབས་སུ་གསང་བ་དམ་འཛིན་ཐོག་ཁུ་སིམ་མིར་བསྡད་ནས་བཞུགས་པ་དེ་རླབས་ཆེན་གྱི་མཛད་རྗེས་ཞིག་ཆགས་ཀྱི་ཡོད་པ་རེད། སྐུ་ངོ་དམ་པའི་བཀའ་དྲིན་རྗེས་དྲན་ཞུས་པར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། མི་རབས་རྗེས་མ་ཚོས་ཁོང་གི་མཛད་རྗེས་ཀྱི་ཐོག་ནས་བསླབ་བྱ་ལེན་དགོས།

དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། ང་ཚོའི་འཐབ་རྩོད་ཐོག་ལ་དགོས་མཁོར་གཞིགས་པའི་སོ་སོའི་ནུས་པ་སྐྱེད་བསྲིང་བྱས་ནས་སྤུངས་དགོས་པ་གལ་ཆེན་པོ་རེད། རྩ་བའི་གཞུང་འབྲེལ་དུས་དྲན་སྲུང་བརྩི་བྱ་རྒྱུ་དང་། ངོ་རྒོལ་སྐད་འབོད་སོགས་བརྒྱབ་རྒྱུ་གལ་ཆེན་པོ་ཡིན་ཡང་། དེ་ལས་གལ་ཆེ་བ་དེ། ཐབས་བྱུས་དང་འཆར་གཞི་ལྡན་པའི་ཐོག་ནས་བོད་མི་རིགས་ཀྱི་འཐབ་རྩོད་དེ་རྒྱུན་གནས་ཐུབ་རྒྱུར་མི་ཐོག་ནས་མི་ཐོག་ལ་བཞག་ཐུབ་དགོས་པ། བོད་མི་རིགས་ཀྱི་འཐབ་རྩོད་དེ་བོད་པ་རང་གིས་བྱེད་དགོས་དུས། སོ་སོའི་གནས་བབ་ལ་དཔག་པའི་སོ་སོའི་ཁོར་ཡུག་ནང་བོད་དོན་ཐོག་ལས་ཀ་བྱེད་ཐུབ་དགོས་པ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འཁྲི་བའི་ལས་འགན་དེ་ཚང་མས་ཁྱེར་ཐུབ་པ་ཡིན་ན། ཏན་ཏན་མ་འོངས་པར་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ནའང་། ང་ཚོར་ནག་ཐིག་མེད་པ་གཅིག་དང་། གཞིས་བཞུགས་བོད་མི་ཚོར་ངོ་གནོངས་མི་དགོས་པ། གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་རེ་བ་ཡོད་པ་རེད་བསམས་ཀྱི་འདུག མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་ལམ་བརྒྱུད་གསུང་བཤད་དང་། དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ནས་གསུང་བཤད། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་གིས་རྗེས་དྲན་མཛད་སྒོ་ངོ་སྤྲོད་དང་། སྤྱི་འཐུས་པདྨ་མཚོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྐུ་མགྲོན་རྣམ་པས་ཉམས་ཞིབ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་དཔེ་དེབ་ ”སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ།ཅེས་པ་དབུ་འབྱེད་གནང་སོང་བ་བཅས།