བོད་ཀྱི་རིག་གཞུང་གཅེས་སྐྱོང་ཟླ་བ་ཞེས་པའི་ཁྲིམས་འཆར་གཏན་འབེབས་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁེ་ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེར་ཐུགས་རྗེ་ཆེ་ཞུས་གནང་བ།


༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཁེ་ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་སུ་ཕྱི་ཟླ་བདུན་པ་ནི་བོད་ཀྱི་རིག་གཞུང་གཅེས་སྐྱོང་གི་ཟླ་བ་ལ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་བཏོན་གནང་བར་ཐུགས་རྗེ་ཆེ་ཞུས་དང་། དེ་བཞིན་ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པས་ཁྲིམས་འཆར་དེར་སྤྱི་མོས་ཐོག་ཁྲིམས་སུ་གཏན་འབེབས་གནང་བར་ཁོང་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། ཁྱེད་ཀྱིས་མངའ་སྡེའི་གྲོས་ཚོགས་སུ་བསྣམས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཁྲིམས་འཆར་ལོ་ལྟར་ཕྱི་ཟླ་བདུན་པ་ནི། བོད་ཀྱི་རིག་གཞུང་གཅེས་སྐྱོང་གི་ཟླ་བ་ (Tibetan Heritage month) ལ་སྲུང་བརྩི་བྱ་རྒྱུའི་ཐོག་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པས་སྤྱི་མོས་ཐོག་ཁྲིམས་སུ་གཏན་འབེབས་གནང་བར། ང་ཚོས་ཁེ་ན་ཌའི་གཞུང་མང་གཉིས་དང་། ལྷག་པར་དུ་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྱེད་ཀྱིས་མངའ་སྡེའི་གྲོས་ཚོགས་ནང་ཕྱི་ཟླ་བདུན་པ་དེ་བཞིན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཟླ་བར་སྲུང་བརྩི་བྱེད་དགོས་པ་གསལ་པོར་གསུངས་པ་དང་། དེ་ཡང་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱིས་ཁེ་ན་ཌའི་ཆེས་མཐོའི་མི་སེར་ཡིན་པ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་སྟབས། ཕྱི་ཟླ་བདུན་པ་ནི་བོད་མི་ཚོར་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་ཡོད། ཁྲིམས་འཆར་དེའི་དམིགས་ཡུལ་ནི་ཁེ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ནང་གནས་སྡོད་བོད་མི་ཚོས་བོད་པའི་འཐབ་རྩོད་ཐོག་ནུས་པ་སྤུངས་པ་རྣམས་ངོས་འཛིན་གནང་རྒྱུ་ཙམ་མ་ཡིན་པར། རྒྱ་ཆེ་ས་ནས་བོད་དོན་གོ་རྟོགས་སྤེལ་ཆེད་ཡིན། ཁྱེད་ཀྱིས་ད་རེས་ཀྱི་གྲུབ་འབྲས་ཐོག་སྐུ་ལས་ཧ་ཅང་བསྐྱོན་པར་ང་ཚོས་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན།

ཁྱེད་ནི་བོད་རིགས་ཤིག་བྱང་ཨ་རིའི་ཆབ་སྲིད་ལ་ཞུགས་ནས་གཞུང་གི་ལས་གནས་ཐོག་བདམས་ཐོན་བྱུང་བ་ཐོག་མ་ཆགས་ཀྱི་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༡༨ ལོར་ཁྱེད་རང་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་ཞིང་། དུས་དེ་ནས་བཟུང་ཁྱེད་ཀྱིས་མངའ་སྡེའི་གྲོས་ཚོགས་ནང་བོད་ཀྱི་ཛ་དྲག་གནས་སྟངས་དང་། གདུག་རྩུབ་ཅན་གྱི་རྒྱ་ནག་དམར་གཞུང་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་བརླག་ཏུ་འགྲོ་ཉེན་ཡོད་སྐོར་གླེང་སློང་བསྟུད་མར་གནང་གི་ཡོད།

རྒྱ་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་བྱས་པར་བརྟེན། ད་ལྟའི་དམར་གཞུང་འོག་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས་སོགས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དང་། གོང་སྤེལ་གཏོང་རྒྱུ་ནི་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མར་འཁྲི་བའི་བཟང་སྤྱོད་ཀྱི་འོས་འགན་ཞིག་ཡིན་པ་མ་ཟད། མི་རིགས་གཞན་རྣམས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ངོ་སྤྲོད་གནང་སྟེ་བོད་ནང་གི་བོད་མིའི་ཚོའི་མགྲིན་ཚབ་བྱ་རྒྱུ་ཡང་ང་ཚོའི་ཕྲག་ཏུ་བབ་པའི་འགན་འཁྲི་ཡིན། ཁྱེད་ཀྱིས་བཟང་སྤྱོད་ཀྱི་འགན་འཁྲི་དག་ཆེ་མཐོང་དང་གཟི་བརྗིད་ལྡན་པའི་ཐོག་སྒྲུབ་བཞིན་ཡོད་པ་དང་། དེ་ནི་གཞན་གྱི་མིག་དཔེ་བལྟ་ཡུལ་ཞིག་ཆགས་ཡོད།

བོད་མི་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་ང་ཚོའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་རླབས་ཆེན་གྱི་ཞབས་འདེགས་ཞུས་པར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། ཁྱེད་ཀྱིས་བོད་དོན་ཐོག་སྐུ་ངལ་ཧ་ཅང་བསྐྱོན་པར་བསྔགས་བརྗོད་ཞུ་རྒྱུ་དང་། མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཁྱེད་ཀྱིས་མུ་མཐུད་སེམས་ཤུགས་མ་ཆག་པའི་ཐོག་ལས་དོན་བསྒྲུབ་རྒྱུར་ང་ཚོས་ཡིད་ཆེས་ཡོད་ཅེས་འཁོད་གནང་འདུག་པ་བཅས། །