བཙུན་མ་བསྟན་འཛིན་དབང་མོས་རང་ལུས་ཞུགས་འབུལ་གྱིས་གཅེས་སྲོག་ཤོར་འདུག

ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཆུ་ཚོད་དང་པོ་ཡོལ་ཙམ་ལ། མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་རང་ལོ་༢༠ ཡས་མས་ཅན་བསྟན་འཛིན་དབང་མོས་བཙུན་དགོན་གྱི་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས་ཞེས་སོགས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། ཁོང་མོས་རང་ལུས་ལ་མེ་སྤར་ཏེ་དུས་ཡུན་སྐར་མ་བདུན་བརྒྱད་ཅིག་གི་རིང་སྐད་འབོད་གནང་བཞིན་རྫོང་མཁར་ཕྱོགས་སུ་གོམ་བགྲོད་བྱས་མཐར། དུས་ཐོག་དེ་རང་ལ་སྐུ་སྲོག་ཤོར་ཡོད་ཚོད། ཁོང་མོའི་ཕུང་པོ་མ་མའི་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་དགོན་པར་ཁྱེར་ཡོད་འདུག  གནས་ཚུལ་དེ་བྱུང་ནས་ཅང་མ་འགོར་བར་དམག་མི་དང་ཉེན་རྟོག་པ་སོགས་འབྱོར་ནས་མ་མའི་བཙུན་དགོན་དང་ས་གནས་ཀྱི་གྲོང་སྡེ་ཁག་ཡོངས་རྫོགས་བཀག་སྡོམ་ནན་མོ་བྱས་ཡོད་འདུག

བཙུན་མ་བསྟན་འཛིན་དབང་མོ་ནི་རྔ་པ་རྫོང་ཆོས་རྗེ་མ་ཤང་བྱ་སྐོར་མའི་ཉི་ཚེ་ཚང་གི་ཕ་ཉི་ཚེའི་བུ་མོ་ཡིན་ཞིང་། མ་མའི་བཙུན་དགོན་ནི་རྔ་པ་རྫོང་མཁར་གྱི་ནུབ་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་གསུམ་ལྷག་གི་སར་ཆགས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་ཞིང་། རྔ་པ་རྫོང་ཁོངས་ཀྱི་བཙུན་དགོན་ཆེ་ཤོས་ཡིན་པ་དང་། དེང་སྐབས་བཙུན་དགོན་དེར་བཙུན་མ་ ༣༥༠ ལྷག་ཡོད་འདུག

དེ་མིན་ཕྱི་ཚེས་ ༡༥ རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ་ལགས་རྔ་པ་ནས་ས་གནས་གཞན་ཞིག་ལ་ཁྱེར་ཡོད་ཀྱང་གང་དུ་ཁྱེར་ཡོད་མེད་དང་ཁོང་གི་ཤི་གསོན་གྱི་གནས་ཚུལ་ག་འདྲ་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པས་ཧ་ཅང་བློ་འཚབ་སྐྱེ་གཞིར་གྱུར་ཡོད།

ཕྱི་ཚེས་ ༡༦ ཉིན་སླར་ཡང་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མས་སྒོ་བརྒྱབས་ནས་གདུང་སེམས་མཉམ་བསྐྱེད་བྱས་ཡོད་འདུག།