བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པའི་གྲོས་ཆོད་ཡིག་ཆ་ཨང་ ༧༤ དགོངས་དོན་ལྟར། ཡིག་ཆ་ཨང་། ༢༢ པ། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བརྗོད་པ་དང་པོ་ཟིན་བསྟུན། ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་གཉིས་དང་། བཀའ་ཤག་གི་སྐུ་ཚབ་གཅིག་བཅས་མི་འགྲོ་གསུམ་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་དགོས་པ་གསལ་བ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༨ ཉིན་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ལ་བསྐོ་གཞག་བཀོད་ཁྱབ་གནང་བ་དང་། དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༡༨ ཆུ་ཚོད་ ༡༡།༣༠ ཙམ་ལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་གཉིས་དང་། བཀའ་ཤག་གི་སྐུ་ཚབ་བཅས་དངོས་སུ་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། དྲུང་ཆེ་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་བཅས་སྤྱི་མོས་ཐོག་བསྐོ་གཞག་གནང་ཡོད།


དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཐོག་མར་དཔལ་ལྡན་ཚོགས་གཙོ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་དུ་ཆེད་བཅར་གྱིས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས། ལས་དོན་དངོས་སུ་འགོ་འཛུགས་གནང་བ་དང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་། ཁྲིམས་འཆར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་གོང་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་ཐུབ་པ་དགོས་རྒྱུ་ཡིན་པ་བཅས།