བཀྲ་ཤིས་རྣམ་རྒྱལ་ལགས་ནས་བྱང་ཨ་རིའི་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་པ།

བཀྲ་ཤིས་རྣམ་རྒྱལ་ལགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ལ་བྱང་ཨ་རི་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞིན་པ།

བདེ་སྐྱིད་ཆོས་དབྱངས་ལགས་བཀའ་བློན་དུ་འདེམས་ཐོན་བསྐོ་གཞག་བྱུང་ཚབ་ཏུ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་བྱང་ཨ་རིའི་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། དེ་རིང་ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་བཀྲ་ཤིས་རྣམ་རྒྱལ་ལགས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང༌། མཛད་སྒོའི་སྐབས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པ་ཚོགས་ཕེབས་གནང་ཡོད།

སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ནི། ༡༩༥༢ ཙམ་ལ་སྒ་སྟོད་ཇོ་བོའི་ཉེ་འདབས་གནས་ཆགས་ཉམ་མཚོ་སྡེ་ཁོངས་འབྲོག་ཁྱིམ་ཞིག་ཏུ་ སྐྱེས་ཤིང༌། ལོ་ཆུང་དུས་ནས་རང་ཉིད་ཀྱི་ཕ་མ་དང་བྲལ་ནས་བཙན་བྱོལ་ཕེབས།   ༡༩༦༠ ལོར་བལ་ཡུལ་དུ་འབྱོར་ཐོག་གློ་སྒྲིག་འཛུགས་སུ་ལོ་གསུམ་ཙམ་གྱི་རིང་བུ་ཕྲུག་གཞན་མཉམ་བདག་གཅེས་དང༌། དེ་ནས་རྒྱ་གར་ནང་བཏང་རྗེས་པན་ཆ་མ་རི་བོད་གཞུང་སློབ་གྲར་སློབ་ཞུགས་ཀྱིས་ ༡༩༧༢ ལོར་གཞི་རིམ་སློབ་གྲྭ་ཐོན་མ་ཐག་རང་གཞུང་གི་བཀའ་འབྲེལ་འབྲུག་ཏུ་གཏོང་གནང་བ་བཞིན་བསྐྱོད་སྐབས་འབྲུག་ནང་གང་ཅིའི་གོ་སྐབས་ཐོབ་བྱུང་ནའང༌། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་གི་བཀྲིན་སྙིང་དབུས་སུ་བཅངས་ཏེ། གོ་སྐབས་དེ་དག་རྒྱབ་བསྐྱུར་གྱིས་བཞུགས་སྒར་དུ་བོད་གཞུང་གི་ཞབས་ཞུར་བཀོད་སྒྲིག་གནང་དོན་བཞིན་ངོ་བཅར་ཞུས། རྒྱ་གར་དུ་ཕྱིར་འཁོར་རྗེས་བོད་གཞུང་འདྲ་དཔར་ཁང་དང་བདེ་སྲུང་ལས་ཁུངས་སུ་ལས་འཁུར་ཞུ་མུས་སུ་ལྡི་ལི་གཙུག་ལག་སློབ་གྲྭ་ནས་ཡིག་འབྲེལ་ཐོག་མཐོ་སློབ་ཀྱི་ལག་ ཁྱེར་ཐོབ། ཇན་ཏ་ཚོགས་པས་རྒྱ་གར་གྱི་གཞུང་འཛིན་བྱས་སྐབས་ལྡི་ལིར་དམིགས་བསལ་བསྐོ་གཏོང་ལྟར་སྐབས་དེའི་གཞོན་ནུའི་ཚོགས་གཙོ་བློ་བཟང་སྦྱིན་པ་ལགས་མཉམ་རྒྱ་གར་གྲོས་ ཚོགས་འཐུས་མི་ཁག་ནས་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་དང་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་ཀྱི་ལས་འཁུར་ཞུས་ཤིང༌། ༡༩༨༣ ལོར་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་དྲུང་ཆེར་འོས་འདེམས་བྱུང་བ་བཞིན་ལས་དུས་གཉིས་བསྟུད་མར་ལས་འཁུར་ཞུས་ཡོད་པ་དང༌། སྐབས་དེར་བོད་ཀྱི་ནང་ཆོས་མཐུན་ཚོགས་གསར་འཛུགས་དང་འབྲེལ་བའི་ལས་དོན་སྣ་མང་ཞུས་པ་མ་ཟད། རྒྱལ་སྤྱིའི་ཚོགས་འདུ་ཆེ་ཁག་མང་པོར་ངོ་བཅར་ཞུས། བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་སྐུལ་སློང་གིས་ལས་དོན་ལ་ཤུགས་སྣོན་བརྒྱབས་ཐུབ་པ་བྱུང་ཡོད།

དེ་ནས་མན་སྤར་ཕན་བདེ་གླིང་གཞི་འགོ་དང༌། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན། བལ་ཡུལ་སྐུ་ཚབ་དོན་གཅོད་བཅས་ཀྱི་ལས་འཁུར་ཞུས་ཡོད་ཅིང༌། བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་ཞུ་རྒྱུན་རིང་བལ་ཡུལ་སྣེ་ལེན་ཁང་གསར་རྒྱག  སྙེ་ཤང་ཁུལ་དུ་བོད་མི་སློབ་གྲྭ་གསར་འཛུགས། བལ་དོན་ཁང་གིས་ཁང་པ་མིང་བསྒྱུར་དང་སྲ་བརྟན་དེབ་བསྐྱེལ། རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོག་ལས་ཁུངས་དང༌། ཨ་རི་གཙོས་ཕྱི་རྒྱལ་གཞུང་ཚབ་ཁག་བརྒྱུད་ཞུ་བསྐུལ་རིམ་ཞུས་ཀྱིས་བལ་ཡུལ་ནང་ཡོད་བོད་མི་ཚོར་སྐྱབས་བཅོལ་བའི་ལག་ཁྱེར་གསར་བཟོ་འགོ་བཙུགས་ཐུབ་པ་བྱུང་ཡོད།

དེ་རྗེས་བདེ་སྲུང་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་བཞག་གནང་བཅས་མི་ལོ་ ༢༦ རིང་བོད་གཞུང་གི་ཞབས་ཞུ་་ལྷག་བསམ་རྣམ་དག་གིས་ཞུས་ཡོད་སྙམ་པའི་དགའ་སྤོབས་ཅུང་ཟད་ཡོད་ལགས། ༡༩༩༩ ལོར་གཞུང་ཞབས་ཁོངས་སྒྲིག་གསལ་རྒན་ཡོལ་སྔ་བསྣུར་ཞུ་བསྩལ་གྱིས་ཨ་རིར་ནང་མིའི་ཟླ་བསྒྲིལ་དུ་བསླེབས་རྗེས་ལོ་ངོ་བདུན་ཙམ་རིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས་པ་དང༌། ཕྱི་ལོ་ ༢༠༠༨ ལོར་བྱང་ཨ་རིའི་བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་གི་འགན་འཛིན་གྲས་སུ་ཡོད་པ་དང༌། ༢༠༡༠ ནང་ཝ་ཤིང་ཀྲོན་མངའ་སྡེའི་སྲིད་སྐྱོང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁོངས་ཨ་རིའི་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་མིར་  Asia Pacific American Affairs Commission བསྐོ་བཞག་གི་འགན་འཁུར་ལེན་བཞིན་ཡོད་པ་དང༌། ངོས་ནས་ད་བར་མི་ལོ་ ༣༠ ལ་ཉེ་བའི་རིང་བོད་གཞུང་དམངས་ཀྱི་ཞབས་ཞུ་་ཞུ་སྒོ་ཅི་མཆིས་ལྷག་བསམ་རྣམ་དག་ངང་ཞུས་པའི་ཉམས་མྱོང་དང༌། བོད་ཀྱི་རྩ་དོན་ཐོག་ལྟ་བ་དང་ལངས་ཕྱོགས་བརྟན་ཅིང༌། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་མང་པོར་ཆེད་བཅར་ཞུས་ཏེ། བོད་ཀྱི་འདས་པ་དང་ད་ལྟའི་གནས་སྟངས་སོགས་གསལ་རྟོགས་ཀྱི་བོད་དོན་ལས་འགུལ་ནང་དངོས་ཤུགས་མཉམ་ཞུགས་ཞུས་དང་ཞུ་བཞིན་པ་བཅས།།