
༄༅། ། བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༠ ཉིན་ནས་སྐབས་ ༡༧ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་སྙན་ཞུ་འབྱོར་མཚམས། འདི་ནས་ལམ་ལུགས་བཞིན་དེ་འབྲེལ་དབུས་འོས་བསྡུ་ལས་ཁང་ལ་ཡིག་ཆུང་ཕུལ་བ་དང་། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༡ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་ཡུ་རོབ་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བཀྲ་ཤིས་བདེ་ལེགས་ལགས་ནས་ཚོགས་དྲུང་ལས་ཁུངས་སུ་ལས་ཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་འབྱོར་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་དུ་བདམས་ཐོན་སྤྱི་འཐུས་བཀྲ་ཤིས་བདེ་ལེགས་ལགས་ནས་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་མཇལ་དར་བསྒྲོན་འབུལ་དང་། དེ་རྗེས་བདམས་ཐོན་སྤྱི་འཐུས་བཀྲ་ཤིས་བདེ་ལེགས་ལགས་ནས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་དང་། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་སོང་།

དེ་རྗེས་སྤྱི་ལྷན་ཚོམས་ཆེན་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་ནས་སྤྱི་འཐུས་བཀྲ་ཤིས་བདེ་ལེགས་མཆོག་ལ་འཚམས་འདྲིའི་མཇལ་དར་བསྒྲོན་འབུལ་ཞུས་རྗེས། རྟེན་འབྱུང་གསོལ་ཇ་དང་། འབྲས་སིལ་འདེགས་འབུལ་ཞུས་ཏེ། ཐེངས་འདིའི་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
དེ་ཡང་སྤྱི་འཐུས་བཀྲ་ཤིས་བདེ་ལེགས་མཆོག་ནི་ཕྱི་ལོ་ ༡༩༨༠ ལོར་མི་ཉག་ཏུ་འཁྲུངས་པ་དང་། སྐབས་དེ་ནི་རྒྱ་ནག་གིས་བོད་ཡོངས་ལ་དབང་བསྒྱུར་བྱས་རྗེས་ཀྱི་དཀའ་ངལ་དམར་གསོད་དང་མུ་གེ་ཆེན་མོ་ལས་ཅུང་ཐར་ཏེ། མནར་གཅོད་དང་གཏོར་བཤིག་ཁྲོད་ཀྱི་རིག་གནས་གསར་བརྗེའི་ལས་འགུལ་ཚར་ནས་ལོ་བཞི་དང་། གཞིས་བྱེས་བར་འབྲེལ་ལམ་ཅུང་བྱུང་ནས་༧གོང་ས་མཆོག་གི་སྐུ་ཚབ་བོད་ནང་ཕེབས་ཐུབ་པ། རྒྱ་ནག་དམར་ཤོག་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་ ༡༩༨༠ ལོའི་ཟླ་ ༥ པའི་ནང་ལྷ་སར་ཡོང་ནས་བོད་དུ་སྲིད་བྱུས་ཅུང་གུ་ཡངས་བཏང་བ། བོད་ལ་ཆོས་སྒོ་ཕྱེ་བའི་ལོ་དེར་ཁེལ་ཡོད་པས་དུས་སྐབས་གལ་ཆེན་ཞིག་ཡིན།

སློབ་སྦྱོང་གི་བརྒྱུད་རིམ།
ཆུང་དུས་བོད་ཀྱི་ཆོས་དང་རིག་གནས་བསྐྱར་གསོའི་མེ་ལྕེ་མཆེད་བཞིན་པའི་དུས་སྐབས་ཡིན་པས། ཕ་མས་རྒྱ་ནག་གི་སློབ་གྲྭར་བཏང་ན་བོད་མིའི་གོམས་གཤིས་བརླག་རྒྱུའི་ཉེན་ཁ་མཐོང་སྟེ། ལོ་བརྒྱད་ནས་དགོན་པར་བཞག་སྟེ་སློབ་སྦྱོང་འགོ་བཙུགས་ཤིང་། རིམ་པས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནས་དཔེ་ཆ་སློབ་གཉེར་བྱས། ༢༠༠༢ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་བསླེབས་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱས་པ་དང་། ཞོར་དུ་སློབ་མ་གསར་པ་ཚོར་བོད་ཡིག་དགེ་རྒན་ཡང་བྱས།

ལས་ཀའི་ཉམས་མྱོང་དང་སྤྱི་ཚོགས་ཞབས་ཞུ།
༢༠༠༧ ལོ་མཇུག་ནས་བོད་ཀྱི་བང་ཆེན་གསར་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་གསར་འགོད་པ་བྱས། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་སྔ་ཕྱི་ཐེངས་གཉིས་ལ་མཉམ་ཞུགས་བྱས་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་བྱས། ༢༠༡༣ ལོ་མཇུག་བྷེལ་ཇམ་དུ་སླེབས་ཏེ་ལོ་གཅིག་གི་རྗེས་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དྲུང་ཆེ་དང་ཤེས་ཡོན་འགན་འཛིན་བྱས།
དེ་བཞིན་སྔར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་ནས་ས་གནས་ཆུ་བཞི་སྒང་དྲུག་གི་ནང་ལ་ལས་ཀ་བྱས་པ་དང་། ཁམས་པའི་སྨྱུག་ཚོགས་ཀྱི་སྐབས་དང་པོའི་དྲུང་ཆེ་བྱས་པ་སོགས། ཚོགས་པ་སྡེ་ཚན་མང་པོའི་ནང་ལ་ཀ་བྱས་མྱོང་། ༢༠༢༠ ལོར་ཡུ་རོབ་དང་ཨ་ཕི་རི་ཀའི་སྤྱི་འཐུས་འོས་གཞིར་ལངས་ནས་དངོས་གཞིའི་ཨང་གསུམ་པ་སྒུག་ཐོའི་ནང་བསླེབས་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།

