བཀའ་སྤྱི་ལྷན་རྒྱས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཕྱོགས་བསྡོམས་སྙན་ཐོ་ལག་བསྟར་བྱེད་ཕྱོགས་བཀའ་བསྡུར་གནང་བའི་ཐག་གཅོད།

༄༅། །སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་གྲོས་ཆོད་ཨང་ ༢༠༡༠།༡༤།༩།༤ དགོངས་དོན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ བར་བསྐོང་འཚོགས་གནང་བའི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་རྣམས་སྤྱི་འཐུས་རྒྱུན་ལས་ཀྱིས་དབྱེ་གསེས་ཀྱིས་འབྲེལ་ཆགས་ཁུངས་སོ་སོར་འབུལ་གཏོང་བྱ་རྒྱུ་དང༌། འབྲེལ་ཆགས་ཁུངས་སོ་སོས་ལག་བསྟར་ཐུབ་པ་ཁག་དང༌། ལག་བསྟར་མ་ཐུབ་པ་རྣམས་ལ་མ་ཐུབ་པའི་རྒྱུ་མཚན་གསལ་བཤད་དགོས་རྒྱུ་ཞེས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༠།༡༤།༡༠།༤ འཁོད་པ་སྣོལ་འཇོག་གནང་དོན་ལྟར་སྤྱི་འཐུས་ལྷན་ཁང་དང་འབྲེལ་ཆགས་ལག་བསྟར་བྱེད་ཕྱོགས་སོགས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༦།༡༧།༡༨ བཅས་སོ་སོར་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་གནང་སྟེ་བཀའ་བསྡུར་ཞིབ་ལྷུག་གནང་གཏན་འབེབས་དགོས། གསལ་བཤད་དགོས་རིགས་བཅས་གནང་ཟིན་པ་དང༌། དེ་ཁོངས་ནས་དོན་ཚན་གྲངས་ ༡༢ ཐད་བཀའ་སྤྱི་ལྷན་རྒྱས་ཐོག་བཀའ་བསྡུར་གནང་གལ་དགོངས་འཐུན་ཐག་གཅོད་བྱུང་དོན་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་ངག་དབང་ལྷ་མོ་ལགས་བཅས་སྤྱི་འཐུས་ལྷན་ཁང་དུ་ལྷན་འཛོམས་བཀའ་བསྡུར་གྱིས་མཐའ་དོན་ཐག་གཅོད་ཇི་བྱུང་གཤམ་གསལ། ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་དང༌། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག ཕྱི་དྲིལ་བཀའ་བློན་སྐལ་བཟང་དབྱངས་སྐྱིད་མཆོག འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས། སྤྱི་འཐུས་འཁོར་ཚ་བསོད་ནམས་དགྲ་འདུལ་ལགས། སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས།

 

ཆབ་སྲིད་དང་འབྲེལ་བའི་སྐོར།

༡༽ རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་སྲ་བརྟན་ཆེད། ཆིག་བསྒྲིལ་གྱི་ཉིན་མོ་སྲུང་བརྩི་བྱ་གལ། སྤྱི་མོས།

༡༽ ཐག་གཅོད།

རྩ་བའི་ཆིག་སྒྲིལ་ཤིན་ཏུ་གལ་ཆེ་ཡིན་མོད། ཆིག་སྒྲིལ་གྱི་ཉིན་མོ་ཟུར་དུ་སྲུང་བརྩི་ཞུས་པ་ཙམ་གྱིས་ཆིག་སྒྲིལ་ལ་དེ་ཙམ་ཕན་ནུས་ཐོན་མིན་སོམ་ཉིར་བརྟེན་སྤྱི་འཐུས་རྒྱུན་ལས་ཚོགས་མི་མང་མོས་ཀྱིས་དེ་ལྟའི་ཉིན་མོ་སྲུང་བརྩི་མ་དགོས་པ་གནང༌།

༢༽ ད་ལྟ་རྒྱ་གཞུང་གིས་ཕྱི་རྒྱལ་དོན་གཅོད་ཁག་ཏུ་བོད་དོན་རྒྱུས་ཅན་མི་སྣ་བཀོད་སྒྲིག་བྱས་ཏེ། བོད་པའི་སྤྱི་ཚོགས་ནང་འཛུལ་ཐབས་ཀྱིས་དཀྲུག་ཤིང་དབྱེན་སྦྱོར་བྱ་ཐབས་དང༌། ཕྱིར་གཏོང་རྒྱ་མིའི་སློབ་ཕྲུག་ཁག་ལ་བོད་དོན་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཡིག་ཆ་ཤུགས་ཆེ་སྤེལ་བཞིན་པར་གདོང་ལེན་གྱི་སྲིད་བྱུས་གཏན་འབེབས་གནང་གལ། སྤྱི་མོས།

༢༽ ཐག་གཅོད།

བཀའ་ཤག་ནས་གནད་དོན་འདི་བཞིན་གལ་ཆེར་ངོས་འཛིན་གྱིས་ལངས་ཕྱོགས་གསལ་པོ་ཡོད་ཐོག ལམ་སྟོན་གནང་དང་གནང་མུས་ལྟར་ཡིག་ཐོག་ཏུའང་དེ་དག་ཐད་ལམ་སྟོན་ཁ་གསལ་ཞིག་བཀའ་ཤག་ནས་བཟོ་གནང་རྒྱུ།

༣༽ ྋགོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་ལྟ་གྲུབ་སྲིད་བྱུས་ཀྱི་རིག་པའི་གཞུང་ལུགས་འདི་བཞིན་བོད་རིགས་གཞོན་སྐྱེས་གྲངས་འབོར་ངེས་ཅན་ཞིག་ལ་གཏིང་ཚུགས་པའི་སློབ་གསོ་སྤྲད་དེ་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་ལྟ་གྲུབ་གོ་རྟོགས་སྤེལ་བར་འབད་བརྩོན་གནང་གལ། སྤྱི་མོས།

༣༽ ཐག་གཅོད།

དབུ་མའི་ལམ་གྱི་གོ་རྟོགས་དང་དྲིལ་བསྒྲགས་སླད་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠་་་༡༡ ལོའི་སྔོན་རྩིས་ནང་སྒོར་འབུམ་ ༡༤ བཀའ་འཁྲོལ་ཡོད་པ་ལྟར་ལས་འཆར་འགྲོ་བཞིན་པ་དང༌། རྩིས་ལོ་རྗེས་མའི་ནང་ལས་འཆར་འདིའི་ཆེད་སྒོར་འབུམ་ ༡༨ འཆར་འབུལ་ཞུས་ཡོད་པས་འཐུས་རྒྱུ་གནང༌།

༤༽ བོད་ནང་རྒྱ་ནག་གཞུང་གིས་སྐྱེ་སྒོ་བཀག་པའི་སྲིད་བྱུས་བཙན་པོ་དབང་ཡོད་ཀྱིས་ལག་བསྟར་དང༌། རང་དབང་ལུང་པའི་ནང་བཙན་བྱོལ་དུ་འབྱོར་བའི་བོད་རིགས་སྤྱི་ཚོགས་ནང་དཔལ་འབྱོར་གྱི་ཁག་དཀྲི་བྱེད་པ་དང་བསམ་སྤྱོད་ལ་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་བོད་མིའི་མི་འབོར་ལོ་རེ་ནས་ལོ་རེར་ཉམས་ཆག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སུ་གྱུར་ཡོད།རང་ཅག་གངས་ཅན་པའི་ཆབ་སྲིད་བརྟན་ལྷིང་རྒྱུན་གནས་ཡོང་བ་དང་མི་རིགས་འཕེལ་རྒྱས་ཡོང་སླད་རྒྱ་གཞུང་གིས་སྲིད་བྱུས་ངན་པ་དེར་ངོ་རྒོལ་དང༌། བཙན་བྱོལ་བོད་གཞུང་གི་བཙན་བྱོལ་བོད་མིའི་མི་འབོར་འཕེལ་རྒྱས་ཡོང་སླད་སྲིད་བྱུས་སམ་ལས་འཆར་ཞིག་གསར་བཟོ་གནང་དགོས་གལ་དང༌། ཆབས་ཅིག་ཕྲུ་གུ་མང་བ་རྣམས་ལ་དམིགས་བསལ་བལྟ་རྟོག་དང་རོགས་མགོན་གནང་དགོས། སྤྱི་མོས།

༤༽ ཐག་གཅོད།

འཛིན་སྐྱོང་བཀའ་ཤག་གིས་དཀའ་ངལ་གནས་སྟངས་འདིར་ཉམས་ཞིབ་དང་བཅས་གྲོས་ཚོགས་སུ་སྲིད་བྱུས་སམ་ལས་འཆར་ཞིག་བསྣམ་ཕྱོགས་བཀའ་བསྡུར་གནང་རྒྱུ་གནང༌།

 

༥༽ གཞིས་ལུས་རྒྱ་ཆེ་མང་ཚོགས་ཡོངས་ཀྱིས་སོ་སོའི་རྒྱལ་ཁབ་དང༌། མི་རིགས་ཀྱི་དོན་དུ་གཅེས་པའི་རང་སྲོག་དང་བཅས་པ་བློས་བཏང་གིས་རྒྱལ་ཞེན་དང་སེམས་ཤུགས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བ་དང་སྦྲགས། ད་ལྟ་རྒྱ་ནག་གཞུང་གི་བཙོན་ཁང་ཁག་གི་ནང་ཡོད་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་བཀྲོལ་ཡོང་ཐབས་སྔར་ལྷག་འབད་བརྩོན་གནང་རྒྱུ་དང༌། ཆབ་སྲིད་བཙོན་ཟུར་རྣམས་ལ་བཙན་བྱོལ་གཞུང་ནས་གཟིགས་སྐྱོང་མི་དམན་པ་གནང་དང་གནང་བཞིན་པ་དེ་ལྟར་ཡང༌། ད་དུང་ཡང་ཁོང་རྣམས་ལ་གཟིགས་སྐྱོང་གང་གཟབ་གནང་དགོས་གལ།་ དགག་ཆ་ ༢ ཚད་མཐོའི་མང་མོས་

༥༽ ཐག་གཅོད།

ད་ལྟ་འཛིན་སྐྱོང་ནས་གཟིགས་སྐྱོང་གང་ཐུབ་གནང་དང་གནང་བཞིན་ཡོད་པ་མུ་མཐུད་གནང་དགོས།

 

གཞིས་ཆགས་སྲ་བརྟན་སྐོར།

༡༽ མི་འབོར་འཕེལ་རྒྱས་གཏོང་སླད། ཕྲུ་གུ་མང་པོ་སྐྱེས་མཁན་ལ་འཚོ་སྣོན་དང༌། ཕྲུ་གུའི་སློབ་ཡོན་སོགས་མཐུན་རྐྱེན་སྦྱོར་རྒྱུའི་སྲིད་ཇུས་བཟོ་གལ། སྤྱི་མོས།

༡༽ ཐག་གཅོད།

འཛིན་སྐྱོང་བཀའ་ཤག་གིས་དཀའ་ངལ་གནས་སྟངས་འདིར་ཉམས་ཞིབ་དང་བཅས་གྲོས་ཚོགས་སུ་སྲིད་བྱུས་སམ་ལས་འཆར་ཞིག་བསྣམ་ཕྱོགས་བཀའ་བསྡུར་གནང་རྒྱུ་གནང༌།

 

༢༽ བཀའ་སྤྱི་གཉིས་ནས་བལ་ཡུལ་བོད་མིའི་དཀའ་སེལ་ཆེད་ཛ་དྲག་ལས་འཆར་བཀོད་སྒྲིག་དགོས་རྒྱུ།

སྤྱི་མོས།

༢༽ ཐག་གཅོད།

བཀའ་སྤྱི་གཉིས་ལ་བློ་འཚབ་ཡོད་མུས་དང༌། བཀའ་ཤག་གིས་བལ་ཡུལ་ནང་ཡོད་པའི་བོད་མིའི་དཀའ་སེལ་ཆེད་ལས་གཞི་འགྲོ་བཞིན་པ་མུ་མཐུད་མཇུག་སྐྱོང་གནང་རྒྱུ།

 

༣༽ བོད་ནས་ཕྱིས་སུ་འབྱོར་བའི་རང་རིགས་ ༡༢༢ ནས་ ༢༠༡༠།༨།༢༦ འཁོད་པའི་ཞུ་སྙན་ལ་ཚོགས་དྲུང་ལས་ཁུངས་ནས་ཟུར་མཆན་དང་བཅས་འགྲེམས་འཐུས་ཕེབས་པའི་ནང༌། གཞིས་ཆགས་ཁག་གི་ནང་ས་ཁང་སོགས་ཀྱི་ཐོབ་ཐང་གནང་སྐྱབས་ཡོང་བ་ཞུས་དོན་ཐད། གཞིས་ཆགས་སྲ་བརྟན་ཆེད་གཞིས་ཆགས་ནང་གནས་སྡོད་བྱེད་མཁན་མི་འབོར་དགོས་པ་དང༌། ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་ཁ་ཐོར་མི་མང་གི་དཀའ་ངལ་སེལ་རྒྱུ་སོགས་ལ་དམིགས་ཏེ་རྒྱ་བལ་འབྲུག་གསུམ་གྱི་ནང་ལོ་མང་ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་གང་སར་གནས་པའི་གསར་འབྱོར་བ་སོགས་ཁ་ཐོར་ཡོངས་ལ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ནས་སྡོད་ཁང་སྐྲུན་ཐབས་སོགས་ཀྱི་དགོངས་བཞེས་དང་མཛད་ཕྱོགས་གནང་སྐྱབས་ཡོང་བ་ཞེས་འབྲེལ་ཡོད་ལ་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།

༣༽ ཐག་གཅོད།

བཀའ་ཤག་ནས་སྒུག་ཐོ་ཁག་ལ་གཟིགས་ཞིབ་ཀྱིས་ཁ་ཐོར་མི་མང་ཁོངས་ནས་འཇོག་རྒྱུ་གང་འོས་གནང་རྒྱུ།

 

༤༽ འབྲུག་སྡོད་བོད་མིའི་དཀའ་སེལ་སླད་བཀའ་སྤྱི་གཉིས་ནས་དམིགས་བསལ་ཐུགས་འགན་བཞེས་གལ། སྤྱི་མོས།

༤༽ ཐག་གཅོད།

བཀའ་སྤྱི་གཉིས་ལ་བློ་འཚབ་ཡོད་མུས་དང༌། བཀའ་ཤག་གིས་འབྲུག་སྡོད་བོད་མིའི་དཀའ་སེལ་སླད་ལས་གཞི་འགྲོ་བཞིན་པ་མུ་མཐུད་མཇུག་སྐྱོང་གནང་རྒྱུ།

 

དཔལ་འབྱོར་སྐོར།

༡༽ ཁྲིམས་ཡིག་དགོངས་དོན་རྒྱ་བལ་འབྲུག་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་ཕོགས་ཡོད་རྣམས་ཀྱིས་ཕོགས་འབབ་ཀྱི་བརྒྱ་ཆ་འབུལ་དགོས་ཡོད་ཀྱང་ཕོགས་ཡོད་སོ་སོ་ནས་མཐུན་སྦྱོར་ཚད་ལྡན་གནང་མ་ཐུབ་པའམ། རྒྱུ་རྐྱེན་ཁག་དཀྲི་མང་པོ་ཞིག་ལ་བརྟེན་པ། རང་བདེན་ཚོགས་ཆུང་ཁག་སོ་སོར་ཕོགས་ཡོད་གང་དུ་ཡོད་མེད་རྒྱུས་མངའ་མེད་པ་བཅས་ལ་བརྟེན་ནས་དཀའ་ངལ་འཕྲད་དང་འཕྲད་མུས་བསལ་ཐབས་ཆེད་སྒྲིག་གཞིའི་ནང་ཆ་རྐྱེན་བསྐྲུན་དགོས་པ། སྤྱི་མོས།

༡༽ ཐག་གཅོད།

རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མི་ཕོགས་ཡོད་རྣམས་ཀྱི་ཕོགས་འབབ་བརྒྱ་ཆ་བསྡུ་ཕྱོགས་ཐད་དཀའ་ངལ་དངོས་འཕྲད་ལ་བརྟེན་སྤྱི་འཐུས་རྒྱུན་འབྲེལ་སྡེ་ཚན་ནས་དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ལྷན་བཀའ་བསྡུར་གནང་སྟེ་དཀའ་སེལ་ཐབས་ལམ་ཇི་ཡོད་ཀྱི་གྲུབ་དོན་སྙན་ཐོ་སྤྱི་འཐུས་རྒྱུན་ལས་སུ་ཕུལ་མཚམས་སྒྲིག་གཞིའི་ནང་ཆ་རྐྱེན་བསྐྲུན་འོས་གཟིགས་རྒྱུ།

 

ཤེས་ཡོན་སྐོར།

༡༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་རང་རེའི་ཤེས་ཡོན་གྱི་སྒྲིག་འཛུགས་ཁག་ནས་ལག་བསྟར་དོན་འཁྱོལ་ཡོང་བར་ཕྱོགས་ཚང་མས་གང་མྱུར་འབད་བརྩོན་ལྷོད་མེད་གནང་གལ། སྤྱི་མོས།

༡༽ ཐག་གཅོད།

བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དེ་བཞིན་བཙན་བྱོལ་བོད་མིའི་ཤེས་ཡོན་སྒྲིག་འཛུགས་ཡོངས་ནས་ལག་བསྟར་དགོས་པའི་བཀའ་སྤྱི་ཐོུང་ནས་བཀོད་ཁྱབ་གནང་རྒྱུ།

 

བོད་དོན་དྲིལ་བསྒྲགས་སྐོར།

༡༽ བོད་དོན་དྲིལ་བསྒྲགས་ཀྱི་རྩ་འཛིན་དང་ཁ་ཕྱོགས་ནི་བདེན་དོན་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་པར་བརྟེན། ཕྱི་ལོ་ ༡༩༥༡ གོང་གི་བོད་རང་བཙན་གྱི་བྱུང་རབས་དང༌། དེ་ནས་ད་བར་མི་ལོ་དྲུག་ཅུའི་རིང་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་བཟོད་མི་ཐུབ་པའི་དཀའ་སྡུག་དང༌།བོད་ཀྱི་སྣོད་བཅུད་གཉིས་ཀ་ཤི་གསོན་ཆགས་འཇིག་གི་ཉེན་ཚབས་མཐོ་ཤོས་སུ་སླེབས་ཡོད་པའི་བོད་ནང་གི་ད་ལྟའི་གནས་བབ་དྲིལ་བསྒྲགས་ཤུགས་ཆེ་བྱ་དགོས། སྤྱི་མོས།

༡༽ ཐག་གཅོད།

འདི་ཐད་ཕྱི་དྲིལ་ལས་ཁུངས་ཀྱིས་དུས་ནས་དུས་སུ་དེབ་དང་དྲ་རྒྱ་སོགས་ཀྱི་བརྒྱུད་གནང་དང་གནང་བཞིན་པ་དང༌། དེ་རིང་བཀའ་སྤྱི་ལྷན་རྒྱས་ཐོག་བཀའ་བསྡུར་དགོངས་འཆར་ཇི་བྱུང་ཁོངས་ནས་ལག་བསྟར་གནང་འོས་རིགས་གནང་རྒྱུ་བཅས།།