ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཀའ་ཁྲིའི་དམ་འབུལ་མཛད་སྒོར་ཆེད་ཕེབས་གནང་བའི་བོད་ཀྱི་གྲོགས་པོ་ཚོར་སྤྱི་ལྷན་ནས་གསོལ་ཚིགས་འདེགས་འབུལ།

འཛིན་སྐྱོང་ནས་གདན་ཞུས་གནང་བ་ལྟར། བཀའ་བློན་ཁྲི་པའི་དམ་འབུལ་མཛད་སྒོར་ཆེད་ཕེབས་གནང་བའི་སོག་པོ་དང་། ཐའེ་ཝན། ཉི་ཧོང་། བལ་ཡུལ། དབྱི་ཊ་ལི། ཧྥ་རན་སི། འཇར་མན། ཡུ་རོབ་མནའ་མཐུན། ཨ་རི་སོགས་ཀྱི་གྲོས་ཚོགས་འཐུས་མིས་གཙོས་པའི་སྲིད་དོན་ཚོགས་པའི་སྐུ་ཚབ་དང་། རང་དབང་གི་རྩོམ་པ་པོ། སློབ་དཔོན་ཆེན་མོ། ཕྱི་འབྲེལ་མི་སྣ། དམག་དཔོན་ཟུར་པ། ཐེབས་རྩ་ཁང་གི་འགན་འཛིན་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་གནད་ཡོད་མི་སྣ་ཉི་ཤུ་རྩ་གྲངས་ཤིག་ལ་ཕྱི་ཚེས་ ༧ གྱི་དགོང་མོར་སྤྱི་ལྷན་ནས་མེཀ་ལོར་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། བཞུགས་སྒར་དུ་གནས་བཞུགས་སྤྱི་འཐུས་རྣམ་པ་དང་ཚོགས་དྲུང་སོགས་གསོལ་ཚིགས་སུ་ངོ་ཕེབས་གནང་ཡོད།

སྐུ་མགྲོན་རྣམ་པ་ཕེབས་འབྱོར་བྱུང་མཚམས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་མཛའ་བརྩེའི་འཚམས་འདྲི་དང་འབྲེལ། བོད་དོན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་གནང་མཁན་སྐུ་མགྲོན་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་། གསོལ་ཚིགས་ཀྱི་དུས་ཡུན་རིང་། ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་གྲོགས་ཚོགས་འཐུས་མིས་གཙོས་པའི་བོད་ཀྱི་གྲོགས་པོ་ཕན་ཚུན་དང་སྤྱི་འཐུས་རྣམ་པའི་དབར་ཧ་ཅང་མཛའ་བརྩེའི་ངང་ནང་གཤིན་གསུང་མོལ་དང་ངོ་སྤྲོད་རྒྱུས་ལོན་གནང་རེས་བྱུང་ཡོད་པ་དང་། མཇུག་ཏུ་ཚོགས་གཙོ་བགྲེས་གཞོན་ནས་སྐུ་མགྲོན་རྣམ་པར་མཇལ་དར་དང་ཕྱག་རྟགས་ཕུལ་ཏེ་མཛད་རིམ་རྣམས་དགའ་སྤྲོའི་བཞད་སྒྲའི་ཁྲོད་གྲོལ་ཡོད། །