དབྱིན་ལན་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ཏུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགསམཐུན་མོང་ནས་ཡོངས་ཁྱབ་ཀྱི་གསར་འགོད་བསྒྲགས་གཏམ་སྤེལ་བའི་དགོངས་དོན་ལྟར། དབྱིན་ལན་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་ཀེ་ལ་ཤ་ཚོགས་ཁང་ནང་སྐུ་ཚབ་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་གཉིས་ནས་གོ་སྒྲིག་གིས་གཞིས་ལུས་མི་མང་རྣམས་ལ་རྒྱབ་སྐྱོར་དང༌།  གདུང་སེམས་མཉམ་བསྐྱེད་མཚོན་སླད་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་སྔ་དྲོ་ཆུ་ཚོད་  ༡༠ པ་ནས་འགོ་འཛུགས་ཀྱིས་དགོང་དྲོ་ཚོུད་ ༥ པ་བར་དགེ་བཤེས་བཀྲིས་ལགས་དབུ་བཞུགས་ཐོག་བོད་མི་རྣམས་ནས་ཟས་བཅད་མཆོད་འབུལ་དང་སྨོན་ལམ་རྒྱ་ཆེར་གནང་ཡོད།  སྐབས་དེར་དབྱིན་ལན་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་སྨོན་ལམ་འཆོད་འབུལ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་སྐབས་བོད་ནང་རྒྱ་གཞུང་གིས་དམ་བསྒྲགས་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པའི་རྐྱེན་གྱིས་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་བོད་མི་སེར་སྐྱ་དགུ་ཡིས་རང་ལུས་མཆོད་མེར་ཕུལ་ཡོད་པའི་སྐོར་དང༌།  རང་དབང་ལུང་པར་ཡོད་པའི་བོད་མི་མི་རེ་ངོ་རེ་ནས་འགན་འཁུར་ཐོག་བོད་ནང་ཛ་དྲག་གནས་སྟངས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྔར་ལས་དོ་སྣང་ཆེ་བ་སླེབས་ཐབས་བྱ་དགོས་ཞེས་སོགས་གསུངས་པ་དང་། དགོང་དྲོ་ཚོུད་ ༦ ནས་ ༨ བར་དབྱིན་ལན་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་གོ་སྒྲིག་གིས་རྒྱ་མིའི་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་གནང་ཡོད་པ་མ་ཟད། ཉིན་ཤས་སྔོན་ས་གནས་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་སྙན་ཞུ་འབུལ་གཏོང་དང་ཡིག་ཆ་འགྲེམས་སྤེལ།  རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་དང་མར་མེའི་ཁྲོམ་སྐོར་སོགས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཡོད་པ་དང༌།  དེ་མཚུངས་ཁྱབ་ཁོངས་རྒྱལ་ཁབ་ནོར་ཝེ་དང༌།  ཌན་མག  པོ་ལནཌ།  སུ་ཌན།  ཨའེར་ལནཌ་བཅས་ནང་ཞི་བའི་ཟས་བཅད་འཆོད་འབུལ་དང་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད།

 

དབྱིན་ལན་དང་ཁྱབ་ཁོངས་ས་གནས་མང་པོ་ནང་ཉིན་ཤས་རྗེས་སླར་ཡང་གཞིས་ལུས་བོད་མིར་གདུང་སེམས་མཉམ་བསྐྱེད་དང༌།  རྒྱ་གཞུང་གི་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུ་རེད་འདུག