
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ པའི་ཚེས་ ༦ ཉིན་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་ (Jaigaon) དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་དུ། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་རབས་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཕྱི་ལུགས་ཁྲི་སྟོན་མཛད་སྒོ་ཚོགས་གནང་སོང་།

སྐབས་དེའི་ཕྱི་ལུགས་ཁྲི་སྟོན་མཛད་སྒོའི་ཐོག ༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྣམ་པ་དང་། བླ་ཆེན་ཁག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག འབྲས་ལྗོངས་རྒྱལ་སྲས་མཆོག སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་གྲའུ་ངག་དབང་བློ་གྲོས་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། རྒྱལ་ཡུམ་ཆེན་མོ་དང་བདག་མོ་སྐུ་ཞབས་ལྷན་རྒྱས། རྗེ་བཙུན་མ། མཁན་སྤྲུལ་རྣམ་པ། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་ཟུར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་ཟུར་གྲའུ་ཚེ་བརྟན་ལགས། ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞན་གནད་ཡོད་སྐུ་མགྲོན་ཁག དད་ལྡན་སེར་སྐྱ་མང་ཚོགས་བཅས་ཕེབས་འདུག

སྐབས་དེར་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པ་མཆོག་གིས་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པ་མཆོག་ལ་དཔལ་ས་སྐྱའི་ཁྲི་འཛིན་གྱི་ཕྱག་ཐམ་དགྱེས་སྩོལ་གནང་སོང་།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་དོན། བསྟན་དང་འགྲོ་བའི་གཙུག་རྒྱན། སྔགས་འཆང་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་དཔལ་ས་སྐྱའི་༸སྐྱབས་མགོན་ཁྲི་འཛིན་རིམ་བྱོན་དང་། ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་བགྲེས་གཞོན་རྣམ་པ། བླ་ཆེན་ཁག།བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ། རྗེ་བཙུན་མ་རྣམ་པ། མཁན་སྤྲུལ་རྣམ་པ། རྒྱལ་ཡུམ་ཆེན་མོ་དང་བདག་མོ་སྐུ་ཞབས་ལྷན་རྒྱས། གཞན་ཡང་སྐུ་མགྲོན་རྣམ་པ། འདུས་ཚོགས་དང་མི་མང་ཡོངས་ལ་དེ་རིང་ནི་༸སྐྱབས་མཆོག་༸འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པ་མངའ་གསོལ་རྟེན་འབྲེལ་ཞུ་བའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ཡང་དུས་གསུམ་རྒྱལ་བའི་ཡོན་ཏན་དང་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། སྙིགས་མའི་དུས་འདིར་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་བ་སྔགས་འཆང་ཆོས་ཀྱི་རྒྱལ་པོ། རྒྱལ་བསྟན་བཤད་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་པོའི་བདག་ཉིད་ཆེན་པོ། འགྲོ་བ་རྣམས་ཀྱིས་མ་འདྲིས་པའི་མཛའ་བཤེས་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་མཚན་མཆོག་གསུམ་ལྡན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུ་བཞུགས་མཛད་ཅིང་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་དུས་འདིར། གང་ཞིག་ཞུ་བར་བྱ་བ་ནི་སློབ་དཔོན་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུང་པ་བཞིན་འགྲོ་བའི་སྡུག་བསྔལ་སེལ་བ་བྱེད་པའི་སྨན་གཅིག་པུ། ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་ནས་བོད་གངས་ཅན་ལྗོངས་སུ་དར་རྒྱས་བྱུང་ཞིང་། བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྲོལ་གཏོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཤིང་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་མཛད་ནས། བཀའ་དང་བསྟན་བཅོས་རྣམས་རྒྱ་གར་གྱི་པཎྚི་ཏ་རྣམས་དང་བོད་ཀྱི་ལོ་ཙཱ་བས་བོད་ཀྱི་སྐད་དུ་བསྒྱུར་ཏེ། འཆད་ཉན། སྒོམ་སྒྲུབ་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད།

དེ་ནས་ད་བར་ལོ་ངོ་སྟོང་ཕྲག་བརྒལ་བའི་རིང་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཁྱབ་བྱུང་བ་དང་། དེ་དག་གི་ཆུ་མགོ་གངས་ལ་ཐུག་པ་བཞིན་གཙོ་བོ་མཁན་སློབ་ཆོས་གསུམ་གྱི་རྨད་བྱུང་མཛད་འཕྲིན་དང་འབྲེལ་ནས་རྗེས་འཇུག་རྣམས་ཀྱིས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པར་བཤད་སྒྲུབ་འཆད་ཉན་དང་། ཐོས་བསམ་སྒོམ་གསུམ་གྱིས་འཛིན་ཅིང་དེ་དག་ལ་བརྒྱུད་པའི་བྱིན་རླབས་ཀྱི་རྒྱུན་མི་འདྲ་བ་བྱུང་ཡང། མཚན་མཆོག་གསུམ་ལྡན་དཔལ་ས་སྐྱ་པ་ལྟ་བུར་མཚོན་ན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་དུ་གྱུར་པ་འཁོན་དཔའ་བོ་ཆེ་དང་། མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་སད་མི་མི་བདུན་གྱི་ནང་ནས་ལོ་ཙཱ་བ་འཁོན་ཀླུ་དབང་སྲུང་བ། སློབ་དཔོན་པདྨའི་དངོས་སློབ་འཁོན་རྡོ་རྗེ་རིན་ཆེན་བཅས་དཔལ་ས་སྐྱ་པའི་ཡབ་མེས་རིམ་བྱོན་རྣམ་པ་མཁན་སློབ་ཆོས་གསུམ་དང་དམིགས་བསལ་འབྲེལ་བ་ཡོད་པའི་གདུང་བརྒྱུད་གང་ན་མེད་པ་ཞིག་ཆགས་ཡོད་པ་མ་ཟད་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཐོག་མཛད་རྗེས་ཧ་ཅང་ཆེ་བ་བསྐྱངས་ཡོད།

དེ་ཡང་ཕྱི་ལོ་ ༡༢༤༠ ལོར་སོག་པོའི་རྒྱལ་པོ་ཆིང་གེ་སེ་ཁང་གི་ཚ་བོ་གོ་དན་ཁང་གིས་བོད་ལ་དམག་དཔུང་དྲངས་ཏེ་སྐབས་དེའི་བོད་ཀྱི་བླ་ཆེན་གྲས་ནས་མཚན་སྙན་ཆེ་བ་འཇམ་མགོན་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གདན་དྲངས། དེ་ནས་བོད་དང་སོག་པོའི་དབར་མཆོད་ཡོན་གྱི་འབྲེལ་བ་འགོ་ཚུགས། གོ་དན་ཁང་གི་རྗེས་སུ་སོག་པོའི་རྒྱལ་པོ་ཀུབ་ལའི་ཁང་གིས་ནང་ཆོས་ལ་དད་ནས་ཆོས་རྗེ་ས་པཎ་གྱི་སྐུ་ཚ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བླ་མར་བསྟེན་ཏེ་ནང་པའི་ཆོས་དེ་རྒྱལ་ཁབ་ཀྱི་ཆོས་སུ་ཁས་བླངས། འགྲོ་མགོན་ཆོས་རྒྱལ་འཕགས་པ་དབུ་བླར་བཀུར། ཕྱི་ལོ་ ༡༢༥༤ ལོར་ཀུབ་ལའི་ཁང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་བཀའ་དྲིན་གསོ་ཕྱིར་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་ཆོས་སྲིད་ཀྱི་བདག་དབང་ཆ་ཚང་ཕུལ་ཏེ་མཚན་བསྟོད་གནང་བ་ནས་བཟུང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་དབང་བསྒྱུར་ཅིང་རིས་སུ་མ་ཆད་པའི་རྒྱལ་བསྟན་བཤད་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་གསུམ་མཛད་ཡོད།

དེ་རྗེས་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་སྔ་ཕྱི་བྱུང་ཞིང་ཕྱི་ལོ་ ༡༦༤༢ ལོ་ནས་༸གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་དབང་བསྒྱུར་མཛད་ཅིང་བོད་གཙོས་ཁྱིམ་མཚེས་རྒྱལ་ཁབ་མང་པོར་བསྟན་འགྲོར་ཕན་པའི་རྨད་བྱུང་གི་མཛད་རྗེས་བསྐྱངས་ཤིང་། ཕྱི་ལོ་ ༡༩༥༠ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་དགུང་གྲངས་ ༡༦ ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱིས་བོད་ནང་དྲག་པོའི་བཙན་འཛུལ་དཔུང་འཇུག་གིས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཇེ་ཆེར་གྱུར་སྟབས། བོད་ཀྱི་གནས་བབ་སྔ་སོར་ཆུད་ཐབས་སུ་རྒྱ་གཞུང་ལ་འབྲེལ་ལམ་རིམ་བསྟུད་གནང་ཡང་རྒྱ་ནག་གཞུང་གིས་དྲག་པོའི་དཔུང་ཤུགས་ཁོ་ནའི་བྱེད་བབ་དབང་གིས་མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད།

གང་གི་ཕེབས་རྗེས་སུ་༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸ས་སྐྱ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྟོན་འཁོར་རྣམས་འཕགས་ཡུལ་དུ་ཞབས་སོར་འཁོད་ཅིང་མགོན་པོ་གང་གི་གསང་གསུམ་མཛད་འཕྲིན་ལ་དབུ་འོག་དཔུང་འདེགས་ཞུས་ཤིང་། བསྟན་འགྲོ་སྤྱི་དང་། བྱེ་བྲག་དཔལ་ལྡན་ས་སྐྱ་པའི་མདོ་སྔགས་ཀྱི་བཤད་སྒྲུབ་ཟུང་དང་། མཐུན་མིན་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་ཐུགས་འགན་བསྐྱེད་བཞེས་མཛད་དེ་ཆོས་ཀྱི་བསྟི་གནས་གདན་ས་ཁག་གསར་བཞེངས་དང་། རྒྱལ་སྤྱིའི་ནང་གི་ཆོས་ཚོགས་ཁག་གསར་འཛུགས་བཅས་ཀྱིས་བཤད་སྒྲུབ་གཉིས་ཀའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་དང་། དཔལ་ས་སྐྱའི་ཁྲི་འཛིན་གྱི་ཕེབས་ཕྱོགས་ལམ་ལུགས་གསར་གཏོད་མཛད་པ་འདི་ཉིད་ཕྱི་ལོ་ ༢༠༡༤ ལོར་གནས་མཆོག་ལུམྦི་ནིའི་ཚལ་དུ་ས་སྐྱ་སྨོན་ལམ་འདུས་ཚོགས་སུ་ཡོངས་ཁྱབ་ཕྱིར་བསྒྲགས་མཛད་དོན་བཞིན། མཁྱེན་ཡོན་གྱི་ཆ་རྐྱེན་དང་བཅས་པའི་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན། ལོ་གསུམ་རེའི་རིང་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་སྐྱོང་མཛད་རྒྱུ་ཐག་གཅོད་མཛད་གནང་བ་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལའང་དེ་དོན་༸སྙན་གསན་ཞུས་པར་༸གོང་ས་མཆོག་གིས་”འདི་ནི་དུས་མཐུན་གྱི་དགོངས་བཞེས་ཧ་ཅང་ལེགས་པོ་བྱུང་འདུག་པར་ཡི་རངས་བསྔགས་བརྗོད་ཡོད་”ཅེས་བསྟོད་བཀུར་བསྔགས་གསུམ་བཅས་གནང་སྟེ་ཐུགས་དགྱེས་ཚོར་མཛད་པ་སོགས་དུས་བསྟུན་རླབས་ཆེན་གྱི་མཛད་བཟང་འདི་ལ་ཀུན་གྱིས་བཀུར་ཞིང་འདི་ནི་དཔལ་ལྡན་ས་སྐྱ་པའི་ལོ་རྒྱུས་ཆོས་འབྱུང་རྣམས་སུ་གལ་ཆེའི་བྱུང་རབས་ཤིག་ཆགས་ཡོད། ལམ་ལུགས་འདིའི་འོག་ནས་མཚན་མཆོག་གསུམ་ལྡན་ས་སྐྱ་སྒྲོལ་མ་ཕོ་བྲང་གི་གདུང་སྲས་བགྲེས་རིམ་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གཉིས་ནས་དཔལ་ས་སྐྱའི་ཁྲི་འཛིན་གྱི་མཛད་འགན་རིམ་པ་བཞེས་པའི་རིང་ལ་བསྟན་འགྲོར་ཕན་པའི་དགེ་མཚན་ཆེན་པོ་བྱུང་ཡོད།

ད་ལམ་འོད་གསལ་ལྷ། དྲི་མེད་འཁོན། དཔལ་ལྡན་ས་སྐྱ་ཞེས་མཚན་མཆོག་གསུམ་དང་ལྡན་པའི་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་༸སྐྱབས་མཆོག་༸འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པའི་ཐུགས་འགན་བཞེས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང་།

སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་ས་སྐྱ་པའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་དང་། ཁྱད་པར་དུ་ཐུགས་བསྐྱེད་གོ་ཆ་བཙན་པོ་བདག་གིར་བཞེས་ཏེ་བོད་བསྟན་སྲིད་རིག་གཞུང་བཅས་པར་རླབས་ཆེན་མཛད་བཟང་སྐྱོང་བཞེས་ཡོང་བ་དང་། དེ་བཞིན་དཔལ་ལྡན་ས་སྐྱ་པའི་བསྟན་པའི་སྐྱེས་ཆེན་རྣམས་ཀྱིས་དབུས་རྗེས་འཇུག་སེར་སྐྱ་མང་ཚོགས་དང་བཅས་པས་གང་ཉིད་ཀྱི་མཛད་བཟང་རྣམས་ལ་ཡི་རངས་དགའ་གུས་ཆེན་པོས་བཀུར་ཞིང་ཞབས་འདེགས་ཞུ་རྒྱུ་དང་། གང་ཉིད་ཀྱི་དགོངས་བཞེད་རྣམས་ཇི་བཞིན་འགྲུབ་པའི་གསོལ་འདེབས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དང་། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བ། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་སྐུའི་གསང་གསུམ་གྱི་མཛད་འཕྲིན་རྣམས་དབྱར་གྱི་ཆུ་བོ་བཞིན་རྒྱས་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༦ ལ། ཞེས་གསུང་བཤད་གནང་ཡོད།

གཞན་ཡང་མཛད་སྒོའི་ཐོག སྤྱི་ནོར་༸གོང་ས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་སྙན་སྒྲོན་དང་། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་བསྐྱངས་པ། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པ་མཆོག་གིས་གསུང་བཤད། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པ་མཆོག་གིས་གསུང་བཤད་བསྩལ་བ། ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་། སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་། ༸འཁོན་གདུང་མཉྫུ་བཛྲ་རིན་པོ་ཆེ་མཆོག་གིས་གསུང་བཤད། རྒྱལ་ཡུམ་ཆེན་མོ་འཇམ་དབྱངས་དཔལ་མོ་མཆོག་ནས་བརྙན་ལམ་བརྒྱུད་གསུང་བཤད། ཁྲི་སྟོན་གོ་སྒྲིག་ལྷན་ཚོགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་ཡོད་བ་བཅས།








