༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༩ ཉིན་དཔལ་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༢༨ ཉིན་དཔལ་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་པ་ཧི་མ་ཅཱལ་མངའ་སྡེའི་ཨུ་ནཱ་ (Una) ས་གནས་སུ་རྟེན་གཞི་བྱས་པའི་ཤུཀ་རཱ་ནཱ་ (Shukrana Resort) གསོལ་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་སྐབས། བོད་མི་མང་ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་བཅས་ས་གནས་སུ་གཞུང་འབྲེལ་སྣེ་ལེན་ཕེབས་བསུར་བཅར་བ་དང་། དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ པའི་ཐོག་ཨུ་ནཱ་བཞུགས་གནས་མགྲོན་ཁང་ནས་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཐོན་གནང་ཞིང་། ལམ་བར་དུ་བྷན་ཀན་དྷི་ (Bankhandi) ས་གནས་སུ་རྟེན་གཞི་བྱས་པའི་བྷ་གྷ་ལ་མུ་ཀི་ལྷ་ཁང་(Bagalamukhi Temple) ཉེ་འདབས་སུ་མདོ་སྨད་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས་ཕེབས་བསུ་སྣེ་ལེན་དང་། རྡ་ཤོད་སྤྱི་སྤྱོད་རླང་འཁོར་བབས་ཚུགས་སུ་ས་གནས་མི་མང་ནས་ཕེབས་བསུ། རྡ་རམ་ས་ལ་མེག་གྷན་དུ་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་གཙོས་པའི་ས་གནས་མི་མང་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཏེ། སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་ཞབས་སོར་འཁོད་འདུག་པ་བཅས།