དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་ལྕམ་སྐུ་སུ་ཤི་ལ་ཀར་ཀི་མཆོག་ལ་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བསྐོ་གཞག་བྱུང་བའི་བལ་ཡུལ་གྱི་སྲིད་བློན་ལྕམ་སྐུ་སུ་ཤི་ལ་ཀར་ཀི་ (Sushila Karki) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་སུ་ཤི་ལ་ཀར་ཀི་ (Sushila Karki) མཆོག་བལ་ཡུལ་གྱི་སྲིད་འཛིན་ལ་བདམས་ཐོན་བསྐོ་གཞག་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་བལ་ཡུལ་གྱི་སྲིད་བློན་དུ་བདམས་ཐོན་བསྐོ་གཞག་བྱུང་བ་དེས། སྐུ་ཉིད་ཀྱི་དབུ་འཁྲིད་དང་། ཕུགས་དམིགས་ལ་མང་ཚོགས་ཀྱིས་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་གསལ་པོར་མཚོན་ཐུབ།

བོད་དང་། བལ་ཡུལ་གཉིས་དབར་དུས་རབས་མང་པོའི་རིང་གི་ཆོས་ཕྱོགས་དང་། རིག་གཞུང་། ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་མང་རིང་བལ་ཡུལ་གཞུང་མང་གཉིས་ནས་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱབ་སྐྱོར་དེ་ལ་བརྟེན་ནས། བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་གནང་ཐུབ་པ་མ་ཟད། སྤྱི་ཚོགས་སྤྱི་ལའང་བཟང་ཕྱོགས་ཀྱི་ནུས་པ་འདོན་ཐུབ་པ་བྱུང་ཡོད།

སྐུ་ཉིད་ནས་སྲིད་བློན་གྱི་ཐུགས་འགན་བཞེས་རིང་བལ་ཡུལ་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།