དཔལ་ལྡན་ཚོགས་གཞོན་མཆོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོར་གཞུང་འབྲེལ་ཐོག་སྐུ་མགྲོན་དུ་ཕེབས་པ།

cd3_5772

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་རྡ་ས་མེག་གྷན་ནོར་བུ་མགྲོན་ཁང་དུ་དེ་ཉིན་སྔ་དྲོའི་ཆུ་ཚོད་ ༩།༡༥ ཐོག་ཚོགས་ཡོད། ཐེངས་འདིའི་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བཀའ་ཟུར་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་ཆབ་སྲིད་བཙོན་ཟུར་སོགས་ལྷན་འཛོམས་གནང་འདུག མཛད་སྒོའི་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མར་མེ་ཞལ་འབྱེད་གྲུབ་བསྟུན་སྐུ་མགྲོན་དང་མི་མང་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་ནས་བོད་དོན་ཆེད་དུ་རང་གི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་མཁན་དང་། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་ཡིད་ལ་དྲན་བཞིན་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཆེད་ངག་བཅད་ཀྱི་གུས་འདུད་སྐར་མ་གཅིག་རིང་ཞུས། མཛད་རིམ་མུ་མཐུད་ཐོག་སྐུ་མགྲོན་རྣམ་པས་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་ནས་གསུངས་དོན། ཐོག་མར་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་པའི་མཛད་སྒོར་ཕེབས་པའི་དམིགས་བསལ་སྐུ་མགྲོན་མཆོག་གི་དབུས་པའི་རྣམ་པ་ལྷན་རྒྱས་ཡོངས་ལ་གུས་བརྩི་ཆེན་པོའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ལམ་སྟོན་འོག་བཙན་བྱོལ་དུ་ང་ཚོའི་སྒྲིག་འཛུགས་སླར་གསོ་བྱུང་ཡོད་པ་མ་ཟད། དམིགས་བསལ་གྱིས་བོད་ནས་ཆབ་སྲིད་བཙོན་པ་རྒྱ་གར་དུ་ཕེབས་པ་ཡོངས་ལ་གང་ཅིའི་ཐད་ལ་ད་བར་གང་ཐུབ་ཀྱི་རོགས་རམ་ཞུས་དང་ཞུ་བཞིན་པ་རེད། སྤྱིར་རྒྱལ་ཁབ་འདྲ་མིན་ནང་ཆབ་སྲིད་བཙོན་པའི་གནས་བབ་མི་འདྲ་བ་མང་པོ་ཡོད་ཀྱང་ང་རང་ཚོའི་ཆབ་སྲིད་བཙོན་པ་ནི་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་ལས་འགུལ་སྤེལ་བ་ལ་བརྟེན་ནས་སྲིད་གཞུང་གྱི་ཆབ་སྲིད་བཙོན་པ་ཆགས་པ་ཞིག་རེད། དེ་ཡང་དཔེ་མཚོན་ཙམ་ཞུ་ན། འབར་མའི་ལྕམ་ཨང་སང་སུ་ཀྱི་མཆོག་སོ་སོའི་རྒྱལ་ཁབ་ལ་མང་གཙོ་ཡོང་སླད། གདོང་ལེན་བྱས་པས་ཆབ་སྲིད་བཙོན་ཟུར་ཞིག་ཏུ་འགྱུར་ཡོད། ད་ཆ་ལྕམ་ཨང་སང་སུ་ཀྱི་མི་མང་གི་མངོན་འདོད་ལྟར་དོན་འབྲས་སོན་ཏེ་འབར་མའི་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ནམ་སྲིད་གཞུང་གི་དབུ་འཁྲིད་ལྟ་བུར་འགྱུར་ཡོད། བདག་ཉིད་ཆེན་པོ་མེས་པོ་དམ་པ་གྷན་རྡི་མཆོག་རང་གི་རྒྱལ་ཁབ་མི་རིགས་ཨིན་ཇིའི་གཞུང་གི་བཙན་འོག་ནས་རང་དབང་ཐོབ་ཐབས་ཀྱི་འཐབ་རྩོད་གདོང་ལེན་གནང་བའི་སྙན་གྲགས་དང་བྱས་རྗེས་ཅན་གྱི་ཆབ་སྲིད་བཙོན་ཟུར་ཡིན་པ་དང་། ལྷག་པར་དུ་ཨིན་ཇིའི་བཙན་འོག་ནས་རྒྱ་གར་རང་བཙན་གྱི་རྒྱལ་ཁ་སོན་ཐུབ་པའི་དོན་འབྲས་སོན་ཡོད།

cd3_5746

ལོ་རབས་དྲུག་ཅུའི་ནང་ཀུན་གཟིགས་པཎ་ཆེན་སྐུ་ཐོག་གོང་མ་མཆོག་གི་གཙོས་བོད་ནང་གི་མི་སྣ་གྲགས་ཅན་རྣམས་དང་། རྒྱལ་གཅེས་མང་ཚོགས་ནས་རྒྱ་ནག་སྲིད་གཞུང་ལ་རང་རེའི་རྩ་དོན་སླད་གདོང་ལེན་མུ་མཐུད་གནང་ནས། རང་རིགས་ཁྲི་ཚོ་མང་པོ་རྒྱ་ཡི་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང་། སྡུག་སྦྱོང་མནར་སྤྱོད་ཚད་མེད་མྱང་ཡོད་པས། མཐར་བཙོན་ཁང་ནས་གློད་གྲོལ་བྱུང་སྐབས་སྐུ་གཟུགས་ཞན་པའི་གནས་བབ་ཐོག་ནས་ཆབ་སྲིད་བཙོན་ཟུར་མང་དག་ཅིག་བཙན་བྱོལ་ཕེབས་ཐུབ་པ་བྱུང་ཡོད་པ་དང་། ད་དུང་ཡང་མང་དག་ཅིག་བོད་ནང་ལྷགས་ཏེ་བློ་ཕམ་པའི་གནས་སུ་ཆགས་ཡོད། དེ་བཞིན་ལོ་རབས་དྲུག་ཅུའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཐོག་གོང་མ་པ་མཆོག་གིས་ཕྱི་ལོ་ ༡༩༦༢ ལོར་བོད་ནང་གནས་པའི་བོད་མིའི་བདེ་སྡུག་ཆེད་རྒྱ་ནག་གཞུང་གི་གཙོ་འཛིན་མའོ་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ནས་མཐར་ཕྱི་ལོ་ ༡༩༦༤ ལོར་ཁོང་ལོ་དགུ་ཙམ་རིང་བཙོན་འཇུག་གི་ཉེས་ཆད་བཏང་ནས་སྙན་གྲགས་ཅན་གྱི་ཆབ་སྲིད་བཙོན་པའི་ངོ་བོར་འགྱུར་ཡོད་པ་སོགས་ཀྱི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་། ཁོང་ནས་མུ་མཐུད་དེ་མཐར་སྐུ་མ་གཤེགས་བར་རྒྱ་ནག་སྲིད་གཞུང་ལྷན་བོད་ཀྱི་བདེ་རྩ་དང་། བོད་དོན་དཀའ་རྙོག་སེལ་སླད་ཚོགས་འདུ་འདུ་འཛོམས་ཐོག་བསམ་ཚུལ་འབུལ་གནང་མཛད་ཡོད། ལྷག་པར་རྒྱ་ནག་གཞུང་ནས་ཁོང་ལ་བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་འཁུར་ཡོངས་རྫོགས་གནང་ཡོད་སྟབས། དེའི་ཐོག་ལ་ཡང་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༤ ཉིན་བཀྲ་ཤིས་ལྷུན་པོར་ཁོང་གི་དགོངས་གཞི་ཇི་ཡིན་གྱི་གསུང་བཤད་གནང་པས་མཐར་ཉིན་བཞིའི་རྗེས་ཁོང་རྒྱ་གཞུང་ནས་ངན་བྱུས་ཀྱིས་སྐུ་བཀྲོངས་པ་རེད། ད་རིང་སྐབས་སུ་བབ་པའི་ཆབ་སྲིད་བཙོན་ཟུར་དགུ་བཅུ་གསུམ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༢༥ དང་། ཚོགས་ཆེན་ ༧ པའི་གྲོས་གཞི་གྲོས་ཆོད་དགོངས་དོན་གཞི་བཟུང་ཚོགས་འདུ་ལྷུགས་པོ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། སྤྱིར་འཛམ་གླིང་ནང་ཆབ་སྲིད་བཙོན་ཟུར་སོ་སོའི་ལས་དོན་བྱེད་ཕྱོགས་རྣམ་པ་མང་པོ་ཡོད་པས། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས། དེ་བཞིན་ད་ཆ་བཙོན་ཁང་ནང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་བཅས་ཀྱི་གནད་དོན་ཡོངས་རྫོགས་ཐོག་ལས་འགུལ་སྤེལ་ཐབས་གནང་དགོས་གལ། དཔེར་ན། ཆབ་སྲིད་བཙོན་པའི་ལོ་རྒྱུས་ཉམས་ཞིབ་དང་། ཆབ་སྲིད་བཙོན་ཟུར་དང་བཙོན་པར་ཐད་ཀར་ཕན་རོགས། དེ་བཞིན་དཀའ་སྡུག་མྱོང་བའི་གནད་དོན་རྣམས་དཔེ་དེབ་དཔར་སྐྲུན་དང་། འགྲེམས་སྟོན་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་ཐོག་གསལ་བསྒྲགས་ཐུབ་ཐབས་གནང་སྟེ་རྒྱབ་སྐྱོར་ཐོབ་ཐབས་བྱ་དགོས་པ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཙོས་ཁྲིམས་སྒྲིག་ཁག ༢༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྔ་ཕྱི་བར་གསུམ་དུ་གཏན་འབེབས་གནང་ཡོད་སྟབས། དེ་དག་ལ་གཞི་བཅོལ་ཏེ་ལས་དོན་བྱེད་ཕྱོགས་ལ་དགེ་སྐྱོན་ཡོ་སྲང་གནང་དགོས་པ་ལས་དེ་མིན་གང་དྲན་གང་བསམ་ཁུངས་ལུང་མེད་པའི་སྐྱོན་འཛུགས་བྱེད་བབ་ནི་སྤྱི་ཚོགས་ལ་ཕན་པ་ལས་གནོད་ཚབས་ཆེ་བར་འགྱུར་རྒྱུ་ཞིག་ཡིན་ན། མ་འོངས་པར་དེའི་ཐོག་ཚང་མས་དགོངས་པ་བསམ་ཤེས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འབྱུང་གཞི་ཡིན་ན། དེ་ལས་དགེ་སྐྱོན་ཆེ་བ་གང་ཡང་མེད། དེ་འདྲ་ཡིན་ཙང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཅི་གསུངས་བཀའ་སྒྲུབ་ཐོག་ཚང་མས་འགན་འཁུར་དགོས་པ་ཞུ་རྒྱུ་ཡིན། རྒྱ་ནག་ནང་རང་བཞིན་གྱི་འགྱུར་བ་འགྲོ་རྒྱུ་ངེས་པ་ཡིན། ང་རང་ཚོ་སོ་སོའི་ངོས་ནས་དྲང་ཚུགས་བརྟན་པོའི་ཐོག་ནས་འཐབ་རྩོད་མུ་མཐུད་ནས་གནང་དགོས་པ་ཡིན་ཞེས་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་བཅས་གསུངས་གནང་། མཇུག་ཏུ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་སྤྱི་འཐུས་ལས་ཐོག་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་ཐུགས་རྗེ་ཆེ་ཞེས་གྱི་གསུང་བཤད་གནང་པ་དང་སྦྲགས་དུས་དྲན་མཛད་སྒོ་གྲོལ་བ་བཅས་ཀྱི་གནས་ཚུལ་དུ།།