དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༣༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་ཐེངས་འདིའི་ཉིན་གྲངས་ལྔའི་རིང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་མཇུག་བསྒྲིལ་གནང་ཡོད།

ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྐབས། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་དབུས་གཞུང་གི་ངལ་རྩོལ་དང་རྩེད་རིགས་ལྷན་ཁང་གི་བློན་ཆེན་མན་སུཀ་ ལཀ་ས་མན་བཡེ་ མན་ཌ་ཝི་ཡ་ (Shri Dr. Mansukh Laxmanbhai Mandaviya, Union Minister of Labour and Employment and Union Minister of Youth Affairs and Sports) མཆོག་དང་། རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ ཨ་ཐ་ཝ་ལི་ (Shri Ramdas Athawale, Minister of State for Social Justice and Empowerment) མཆོག རྒྱ་གར་དབུས་གཞུང་གི་འཚོ་གནས་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་གཞོན་པ་འབུམ་རམས་པ་ཨེ་སི་ པི་ སིངྒ་ སྦ་གྷེལ་ (Shri (Prof.) S. P. Singh Baghel, Union Minister of State of Fisheries, Animal Husbandry and Dairying and Member of Lok Sabha (BJP)) མཆོག རྒྱ་གར་དབུས་གཞུང་གི་གློག་དང་བསྐྱར་སྤྱོད་རུང་བའི་ནུས་ཤུགས་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ཤྲི་པ་ད་ ཡི་སོ་ ནཱ་ཡག་ (Shri Shripad Yesso Naik, Union Minister of State for New and Renewable Energy of India) མཆོག་བཅས་དང་། དེ་བཞིན་རྒྱ་གར་སྲིད་དོན་ཚོགས་པ་ཁག་མི་འདྲ་བའི་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བཅས་ཁྱོན་ ༤༣ དང་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་བཅས་དང་། བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་བཅས་ཡོད།


དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་ལྔ་པའམ་མཐའ་མ་ཕྱི་ཚེས་ ༣༡ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་ནས། རྒྱ་གར་དབུས་གཞུང་གི་ངལ་རྩོལ་དང་རྩེད་རིགས་ལྷན་ཁང་གི་བློན་ཆེན་མན་སུཀ་ ལཀ་ས་མན་བཡེ་ མན་ཌ་ཝི་ཡ་ (Shri Dr. Mansukh Laxmanbhai Mandaviya, Union Minister of Labour and Employment and Union Minister of Youth Affairs and Sports) མཆོག་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཊ་རུ་ཧ་རི་ མཱེ་ཏབ་ (Shri Bhartruhari Mahtab) མཆོག Janata Dal (United) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུ་ཤལ་ལེན་དྷར་ ཀུ་མར་ (Shri Kaushalendra Kumar) མཆོག རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་སྐུ་ཞབས་ཨུ་དེཏ་ རཇ་ (Shri Dr. Udit Raj) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་འདུག


མཇལ་འཕྲད་སྐབས་གཙོ་བོ། རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་རིགས་དང་། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་མི་རིགས་གཞན་གྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཁྲིམས་ཀྱི་ལམ་ནས་རྩ་མེད་བཟོ་བཞིན་པ་སོགས་ཁྲིམས་ཡིག་དེའི་ཉེན་ཚབས་སྐོར་དང་། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ།༡) རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་དམར་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ཉེན་ཚབས་སྐོར་གྲོས་ཚོགས་ནང་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་གླེང་སློང་དང་། ༢) བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རྒྱུ། ༣) རྒྱ་ནག་དམར་གཞུང་གིས་རྒྱ་གར་ནང་ལ་གནས་སྡོད་བོད་མི་རྣམས་ཀྱི་མང་གཙོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་ལ་རྒྱ་གར་གཞུང་ནས་ངོ་རྒོལ་ཤུགས་ཆེ་གནང་སྐྱོང་ཡོང་བ། ༤) རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་བོད་འདི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན། ༥) བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་སེལ་ཐབས་སླད་རྒྱ་དམར་གཞུང་གི་འགོ་ཁྲིད་རྣམས་ལ་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱ་གར་གཞུང་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཅས་དོན་ཚན་ལྔའི་ཐོག་ཞུ་སྐུལ་གནང་འདུག


གཞན་ཡང་གྲོས་ཚོགས་འཐུས་མི་རྣམ་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་གཏན་འབེབས་བྱས་པའི་གཞུང་འབྲེལ་ཡིག་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་གཏན་འབེབས་བྱས་པར་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་སྒྲགས་གཏམ་བཅས་ཀྱི་ངོ་བཤུས་ཕུལ་འདུག་པ་བཅས།

.