
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༠ ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་གནང་སོང་།

སྐབས་དེའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། གཞན་སྐུ་མགྲོན་དུ་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་། བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ངག་དབང་ལྷ་མོ་ལགས། སཾ་བྷོ་ཊ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་ངག་སྒྲོན་ལགས། སློབ་གྲྭའི་ལྟ་གྲུབ་སློབ་དཔོན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་བསོད་ནམས་དཔལ་ལྡན་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ཆེ་དགེ་ལེགས་དབང་རྒྱལ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལེགས་བཤད་ཉི་མ་ལགས་ཀྱིས་གཙོས་པའི་དགེ་སློབ་རྣམ་པ། སློབ་གྲྭའི་སློབ་ཟུར་དང་ཁྱིམ་བདག་རྣམ་པ་བཅས་ཕེབས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་དབང་བསྒྱུར་བྱས་རྗེས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་དང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་འོག བོད་པའི་སློབ་གྲྭ་ཟུར་འཛུགས་ཡོང་ཐབས་སྐོར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་ཞུས་རྗེས། རྒྱ་གར་གཞུང་ནས་མཐུན་འགྱུར་གནང་བའི་ཐོག བཙན་བྱོལ་ནང་བོད་པའི་སློབ་གྲྭ་ཁག་ཟུར་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་རྒྱུན་འཛིན་གནང་ཐུབ་པ་བྱུང་བ་མ་ཟད། དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བྱུང་ཡོད། བོད་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་ཡང་རིམ་པས་ཡར་རྒྱས་ཕྱིན་ཏེ་ད་ལྟའི་སྐབས་སུ་སློབ་ཕྲུག་རྣམས་ལ་ཤེས་ཡོན་མཐུན་རྐྱེན་ཧ་ཅང་འཛོམས་པོ་ཡོད་པ་སོགས་བཙན་བྱོལ་ནང་ཐོག་མར་སློབ་གྲྭ་གསར་འཛུགས་གནང་བ་ནས་བཟུང་ད་བར་གྱི་གནས་སྟངས་སྐོར་ལ་ངོ་སྤྲོད་དང་།

ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་དང་འབྲེལ་བའི་ཐོག་གསུངས་དོན། ཕྱི་ལོ་ ༡༩༩༡ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། ‘ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ།’ ཞེས་གསལ་ཡོད་པ་དང་། དེ་བཞིན་ད་བར་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་སྲིད་བྱུས་ནང་ང་ཚོའི་དགོས་མཁོ་ཆ་ཚང་བ་ཞིག་མེད་པ་བཅས་ལ་གཟིགས་ཏེ། བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་སུ། ཕྱི་ལོ་ ༢༠༠༤ ཟླ་ ༩ ནང་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འཆར་འབུལ་གྱིས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་དང་། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་འགོ་བཙུགས་རྗེས། རིམ་པས་དེ་ནས་བསླབ་ཐར་སོན་པའི་སློབ་ཕྲུག་རྣམས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་དང་། དེང་དུས་ཀྱི་ཤེས་ཡོན་གནས་ཚད་གང་ལེགས་ཡོད་པའི་ཐོག ཕྱི་ནང་ཀུན་སྤྱོད་སོགས་གང་ཅིར་མིག་དཔེ་འོས་པའི་གྲུབ་འབྲས་ཐོན་བཞིན་པར་བརྟེན། ཕ་མ་ཚོས་སོ་སོའི་ཕྲུ་གུ་དཔེ་སྟོན་སློབ་གྲྭར་གཏོང་ཐབས་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།

དགེ་རྒན་དང་། ཕ་མ། སློབ་ཕྲུག་ཚོས་འགན་ཁུར་བཞེས་ཕྱོགས་ཐོག་གསུངས་དོན། དགེ་རྒན་ནི་རྒྱལ་ཁབ་འཛུགས་བསྐྲུན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། རྒྱུན་དུ་སོ་སོའི་ཤེས་བྱ་གོང་འཕེལ་གཏོང་ཐབས་གནང་དགོས་སྐོར་དང་། ཕ་མ་ཚོས་ཕྲུ་གུ་གསོ་སྐྱོང་བྱེད་སྐབས་རྒྱས་སྤྲོས་དང་། ཕྲུ་གུ་གཅེས་ལང་མི་གཏོང་བར་ཡིད་གཟབ་གནང་གལ། ཕྲུ་གུ་ཚོས་ཕ་མ་དང་། དགེ་རྒན་གྱི་ཞལ་ལ་ཉན་པོ་བྱ་རྒྱུ་དང་། སོ་སོའི་མི་རིགས་ཀྱི་འཐབ་རྩོད་ཐོག་བསམ་བློ་གཏོང་ཐུབ་དགོས་པ། མ་འོངས་མདུན་ལམ་ཐོག་དམིགས་ཚད་མཐོ་པོ་ཟིན་ནས་སློབ་སྦྱོང་ཧུར་ཐག་བྱེད་དགོས་སྐོར་སོགས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལེགས་བཤད་ཉི་མ་ལགས་ཀྱིས་དུས་ཆེན་ངོ་སྤྲོད་གསུང་བཤད་དང་། སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་།

འཛིན་རིམ་གཞིར་བཟུང་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་སོང་བ་བཅས།
