དཔལ་ལྡན་ཚོགས་གཞོན་མཆོག་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་རྡ་རམ་ས་ལ་བོད་ཀྱི་ཟློས་གར་ཚོགས་ཁང་དུ་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ཟུར་པ་རྒན་བློ་བཟང་བསམ་གཏན་ལགས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་གཙོས་པའི་དགེ་ལས་རྣམ་པ། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སློབ་མ་དང་ཁྱིམ་བདག་བཅས་ཕེབས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། ད་ལན་སློབ་ཕྲུག་རྣམ་པས་དོ་དབྱིངས་དང་། ཕ་མ་ཚོས་མཐུན་འགྱུར། བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག དེ་གའི་དགེ་ལས་རྣམ་པས་ཟླ་གཅིག་རིང་བོད་ཀྱི་རིག་གཞུང་གཞས་སྣ་དང་། རོལ་ཆ་དཀྲོལ་སྟངས་སོགས་སློབ་ཁྲིད་གནང་བའི་ཐོག་ནས་དེ་རིང་སློབ་ཕྲུག་ཚོས་རིག་གཞུང་གཞས་སྣ་ཧ་ཅང་གི་ཡག་པོ་འཁྲབ་སྟོན་གནང་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མུ་མཐུད་སློབ་ཕྲུག་ཚོས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། མ་འོངས་པར་མི་གཞན་ལ་སློབ་ཁྲིད་གནང་ཐུབ་མཁན་ཞིག་ཆགས་ཐུབ་དགོས་སྐོར་གསུངས་སོང་།

བོད་ཀྱི་སྒྱུ་རྩལ་གྱི་གལ་གནད་དང་འབྲེལ་ཏེ་གསུངས་དོན། གཞས་ཚིག་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་གསལ་ཡོད་པ་མ་ཟད། གཞས་ཚིག་ཐོག་ནས་བོད་ཀྱི་བརྡ་སྤྲོད་དང་། སྙན་ངག་སོགས་ཤེས་རྟོགས་ཡོང་གི་ཡོད་པ། གཞས་སྣ་འཁྲབ་སྟོན་དང་རོལ་ཆ་དཀྲོལ་བའི་ཐོག་ནས་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་སོགས་མང་པོ་ཞིག་ལ་ཕན་རླབས་ཡོད་པ། དེ་ཡིན་དུས་སློབ་ཕྲུག་ཚོས་ཡི་གེ་འབྲི་ཀློག་ཙམ་མ་ཡིན་པར། ཟློས་གར་གཙོས་པའི་བོད་ཀྱི་སྒྱུ་རྩལ་ལ་སློབ་གཉེར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཤེས་པའི་ཐོག་སོ་སོའི་ལས་འགན་གང་ཡིན་པ་ངོ་ཤེས་དགོས་པའི་ཐོག་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་རྟག་ཏུ་དྲན་པའི་ཐོག་ནས་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་འགྲུབ་དགོས་སྐོར་སོགས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་རྒན་བློ་བཟང་བསམ་གཏན་ལགས་ནས་གསུང་བཤད་དང་།

བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ནས་མཛད་སྒོའི་ངོ་སྤྲོད་གསུང་བཤད། དྲུང་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད།

དཔལ་ལྡན་ཚོགས་གཞོན་མཆོག་བརྒྱུད་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ལ་ཕྱག་ཁྱེར་གནང་བ་དང་། བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ནས་རིག་གཞུང་གཞས་སྣ་སོགས་གཟིགས་འབུལ་ཞུས་གནང་སོང་།

གཞི་རྩའི་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་བཞུགས་བོད་རིགས་ན་གཞོན་ཚོའི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡ ཉིན་ཟླ་གཅིག་རིང་གི་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭ་འགོ་འཛུགས་གནང་འདུག་པ་དང་། དེ་ནི་སྒྱུ་རྩལ་སྦྱོང་བརྡར་ཐེངས་གསུམ་པ་ཆགས་ཀྱི་ཡོད་འདུག་པ་བཅས།