དཔལ་ལྡན་ཚོགས་གཞོན་མཆོག་གིས་འབྲས་ནད་སྐོར་གོ་རྟོགས་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༤ ཉིན་འཛམ་གླིང་འབྲས་ནད་ཉིན་མོ་དང་བསྟུན། བོད་ཀྱི་འབྲས་ནད་ཚོགས་པས་རྡ་ས་གཙུག་ལག་ཁང་གི་མཐུན་ཐང་དུ་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་གོ་རྟོགས་སྤེལ་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བའི་ཐོག་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་དབུ་འབྱེད་དང་མཚན་རྟགས་བསྐྱོན་གནང་སོང་།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མཚན་རྟགས་བསྡུ་རུབ་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་དབུ་འབྱེད་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་ཕེབས་ཀྱིས་བོད་ཀྱི་འབྲས་ནད་ཚོགས་པའི་ངོང་ནས་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་སྐོར་གོ་རྟོགས་དང་། འབྲས་ནད་བརྟག་དཔྱད་ཀྱི་ལས་འགུལ་དེ་འདྲ་སྤེལ་བར་བསྔགས་བརྗོད་ཞུས་གནང་པ་དང་། ལས་གཞིའི་ཁྱད་ལས་སྨན་པ་རེེ་རེའི་སར་ཕེབས་ཏེ་བསྔགས་བརྗོད་དང་སྦྲགས་ལས་གཞི་དབུ་འབྱེད་དང་། མཚན་རྟགས་བསྐྱོན་གནང་སོང་།

གཞན་ཡང་འབྲས་ནད་སྐོར་གོ་རྟོགས་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དབུ་འབྱེད་ཐོག་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ཚེ་རིང་གཡུ་སྒྲོན་ལགས་སོགས་ཆེད་ཕེབས་གནང་ཡོད་འདུག

ད་རེས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཐོག་བོད་ཀྱི་འབྲས་ནད་ཚོགས་པས་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་སྔོན་འགོག་དང་། བཅོས་ཐབས་ཆེད་ནུ་མའི་འབྲས་ནད་དང་། ཕོ་བའི་འབྲས་ནད། བུ་སྣོད་ཀྱི་འབྲས་ནད་སོགས་རིན་མེད་བརྟག་དཔྱད་གཙོས་པའི་ཁྲག་ཤེད། ཁྲག་གི་མངར་བཅུད་སོགས་ཀྱི་རིན་མེད་བརྟག་དཔྱད་ཀྱང་བྱེད་བཞིན་འདུག། རིན་མེད་བརྟག་དཔྱད་ཀྱི་ལས་གཞི་འདི་ནི་རྒྱ་གར་སྨན་ཁང་གྲགས་ཆེ་བ་ Fortis Kangra དང་ Rotary Eye Hospital Maranda དེ་བཞིན་ Rajiv Gandhi Cancer Institute of Delhi རྣམས་ཀྱིས་མཐུན་གྱུར་འོག་སྤེལ་ཡོད་པ་བཅས།