དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨ་རིའི་ཧར་ཝརཌ་གཙུག་ལག་ཆེན་སློབ་ཕྲུག་ཁག་དང་ལྷན་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་ཧར་ཝརཌ་གཙུག་ལག་སློབ་ཆེན་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༩ མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས། བོད་ནང་གི་རྫ་དྲག་གནས་སྟངས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་སྤྱི་འཐུས་གྲངས་ ༤༥ ཡོད་ཁོངས་ངེས་པར་དུ་ཆོལ་ཁ་རེ་ནས་ཉུང་མཐར་བུད་མེད་གཉིས་རེ་དགོས་སོགས་སྐོར་འགྲེལ་བརྗོད་སྙིང་བསྡུས་གནང་སོང་།

དེ་བཞིན་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་འགྲེལ་བརྗོད་ཞིབ་ཕྲ་དང་སྦྲགས་སློབ་ཕྲུག་ཚོས་སོ་སོའི་གཞུང་དང་གྲོས་ཚོགས་འཐུས་མི་ཚོར་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་དགོས་སྐོར་སོགས་གསུངས་པ་དང་། ཁོང་གིས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཙམ་གྱི་གནད་དོན་མ་ཡིན་པར་བོད་མི་རིགས་ཆགས་འཇིག་གི་གནད་དོན་ཡིན་ཞེས་འགྲེལ་བརྫོད་གནང་རྗེས་སློབ་ཕྲུག་རྣམ་པའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་གཤད་གནང་ཡོད་པ་བཅས།