དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་གཅིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་རྒན་པ་ལྕམ་སྐུ་ས་རི་ན་ ཝན་ཀ་ (Sarina Vanka, Professional Staff Member for the Senate Appropriations Subcommittee on State, Foreign Operations, and Related Programs) ལགས་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་གནང་ཞིང་། དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་བ། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་དང་། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་བསྡུ་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ། ད་ལྟའི་ཆར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་གནང་བཞིན་ཡོད་པ་སོགས་བཙན་བྱོལ་ནང་ལག་བསྟར་བྱེད་བཞིན་པའི་བོད་མིའི་མང་གཙོའི་སྐོར་ལ་ཞིབ་ཕྲ་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ད་ལྟའི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། རྒྱ་གར་དང་རྒྱལ་སྤྱིའི་ནང་དཔོན་རིགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ནང་སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ལ་ངོ་སྤྲོད་གནང་སོང་།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། གྲོས་ཚོགས་ཀྱི་ལས་བྱེད་སོགས་དུས་རྒྱུན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་འདིས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་བོད་མི་ཚོར་རྒྱབ་སྐྱོར་གནང་མཁན་ཡོད་པ་མཚོན་གྱི་ཡོད་པ་དང་། ད་བར་བོད་ཀྱི་རྩ་དོན་རྒྱུན་གནས་ཐུབ་རྒྱུར་རྒྱ་གར་དང་། ཨ་རིའི་གཞུང་སོགས་ཀྱིས་རྟག་ཏུ་མཐུན་འགྱུར་རྒྱབ་སྐྱོར་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་སོང་།

བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་དམར་གཞུང་གིས་ ‘མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག’ ཟེར་བ་དེ་ལག་བསྟར་བྱེད་འགོ་བཙུགས་ཤིང་། དེ་ཡང་མཐུན་སྒྲིལ་ལ་བསྙད་དེ་མི་རིགས་མཉམ་བསྲེས་དང་། ཡར་རྒྱས་ལ་ཁ་གཡར་ཏེ་བོད་ནང་གི་འཇིགས་སླ་བའི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་སོགས། མདོར་ན་ཁྲིམས་ཡིག་དེས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པའི་སྐོར་དང་། དེ་བཞིན་མཐོ་སྒང་བོད་ལ་འཛམ་གླིང་གི་སྣེ་གསུམ་པ་དང་། ཨེ་ཤི་ཡའི་ཆུ་མཛོད་ཅེས་འབོད་སྲོལ་ཡོད་པ་ལྟར། བོད་ནས་བབས་པའི་ཆུ་བོ་ཆེ་ཁག་དེ་དག་ལ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་མང་ས་ཡ་མང་པོའི་འཚོ་རྟེན་དང་འབྲེལ་བ་ཡོད་པ་སོགས་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་སྤྱི་དང་། ལྷག་པར་དུ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་ཅིང་། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆུ་བོ་དེ་དག་ལ་ཆུ་རགས་བརྒྱབ་པ་དང་། གཙང་པོ་བཀག་བསྐྱིལ་སོགས་བྱས་པར་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་རང་བྱུང་གནོད་འཚེ་ཕོག་བཞིན་ཡོད་གནས། རྒྱལ་སྤྱིའི་སྤྱི་ཚོགས་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་རྗེས། ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་རྒན་པ་ལྕམ་སྐུ་ས་རི་ན་ ཝན་ཀ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཟིན་པའི་གྲོས་ཚོགས་ཚོགས་དུས་གཉིས་ནང་གི་ལས་རིམ་དང་འབྲེལ་བའི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ལན་འདེབས་གསལ་བཤད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།