དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ པའི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨིན་ཡུལ་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་ (Kerry McCarthy) མཆོག་དང་། ཨིན་ཡུལ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ཝེ་ར་ཧོབ་ཧའུས་ (Wera Hobhouse) མཆོག་དང་ཁོང་གི་སྐུ་ཟླ་སྐུ་ཞབས་ཝི་ལམ་ཧོབ་ཧའུས་ (Willam Hobhouse) ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད།

གཞི་རྩའི་ཁོང་རྣམས་སྲིད་སྐྱོང་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ཡོད་པ་རེད། སྐབས་དེར་ཨིན་ལེན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཆེད་ཕེབས་གནང་འདུག

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཨིན་ལེན་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་རྡ་རམ་ས་ལར་ཕེབས་པར་འཚམས་འདྲི་དང་སྦྲགས་གསུངས་དོན། ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༧ ལྷག་འགྲོ་ཡི་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཕེབས་མ་ཐག་ཕྱི་ལོ་ ༡༩༦༠ ལོར་མང་གཙོ་གསོལ་སྩལ་གནང་ནས་ད་བར་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་པ་རེད། གྲོས་ཚོགས་འཐུས་མི་རྣམ་པ་ཁ་སང་སྲིད་སྐྱོང་གི་དམ་འབུལ་མཛད་སྒོར་མཉམ་ཞུགས་དང་དངོས་སུ་གསུང་བཤད་གནང་བ་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་བོད་ནང་ལོགས་དང་། རྒྱ་ནག་ལའང་བརྡ་ལན་དམིགས་བསལ་ཞིག་ཆགས་ཡོད་པ་རེད། ང་ཚོ་བཙན་བྱོལ་ལ་སྡོད་རིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོག་འོག ཆབ་སྲིད་ཀྱི་འཐབ་རྩོད་གཅིག་པུའི་ཐོག་ཕྱག་ལས་གནང་བ་ཙམ་མ་ཡིན་པར། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་ཉམས་གོང་སྤེལ་དང་། ཉམས་པ་སོར་ཆུད་ཡོང་རྒྱུར་དམིགས་བསལ་གྱིས་ཕྱག་ལས་གནང་ཡོད་པ་རེད་ཅེས་གསུངས།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། དེ་བཞིན་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གལ་ཆེའི་ལས་དོན་ཁག་ངོ་སྤྲོད་སྙིང་བསྡུས་གནང་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་གསུངས་དོན། ད་ལན་ཨིན་ལེན་གྱི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་དེས་གཞིས་བཞུགས་བོད་མི་རྣམས་ལ་རེ་བ་གསར་པ་ཞིག་དང་། བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་མུ་མཐུད་ཡོད་པའི་བརྡ་ལན་ཤུགས་ཆེན་ཞིག་རྒྱ་ནག་དམར་གཞུང་ལ་བཏང་ཡོད་སྐོར་གསུངས།

རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག བོད་ནང་བོད་མི་ཚོར་འཕྲད་པའི་དཀའ་ངལ་ཁག་གསལ་སྟོན་གྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། ལྷག་པར་དུ་བོད་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་སློབ་སྦྱོང་བྱ་རྒྱུའི་རང་དབང་འཕྲོག་བཞིན་པ་སོགས་རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་དང་། མི་རིགས་མཉམ་སྲེས་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་སོང་།

དེ་རྗེས་སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་། དགོང་དྲོ་ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཞུགས་སྒར་རྡ་རམ་ས་ལ་མེག་གྷན་བོད་ཀྱི་གསོལ་སྟོན་ཁང་དུ་གསོལ་སྟོན་ཞིག་བཤམས་ཡོད་པ་བཅས།