
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ པའི་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ལྷོ་ཨ་མི་རི་ཀའི་ཅི་ལཱི་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལིའུ་སི་ མཱ་ལཱ་ ཝ་ལེན་ཛུ་ལ་ (Hon. Luis Mala Valenzuela, Deputy from Chile) མཆོག་དང་། ཨེལ་ སཱལ་ཝཱ་ཌོར་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇོ་སི་ ཕ་རན་སི་ཀོ་ ལི་ར་ ཨལ་ཝ་ར་ཌོ་ (Hon. Jose Francisco Lira Alvarado, Deputy from El Salvador) མཆོག་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལྷོ་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་ཐོག་ལྷོ་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་མཉམ་ཞུགས་སླད་བཞུགས་སྒར་དུ་ཕེབས་པ་དེར་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པའི་སྐོར་དང་། བོད་མི་རྣམས་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༦ ལྷག་འགྲོ་བའི་རིང་རྒྱ་གར་དང་། ཨ་རི། ཡུ་རོབ། ཨེ་ཤི་ཡ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སོགས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཅིང་། དུས་ཚོད་དེའི་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག བོད་མིའི་སྒྲིག་འཛུགས་ནས་མུ་མཐུད་བོད་ཀྱི་བདེན་དོན་འཐབ་རྩོད་རྒྱུན་མཐུད་བྱེད་བཞིན་ཡོད་པ་མ་ཟད། བོད་མི་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བོད་དོན་འཐབ་རྩོད་རྒྱལ་སྤྱིའི་ཐོག་སླེབས་ཐུབ་པ་བྱུང་ཡོད་པའི་སྐོར་དང་། གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། ཉེ་ཆར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་སྐོར་སོགས་གསུངས་སོང་།

དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ད་ལན་ལྷོ་ཨ་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དེས། བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ནང་བརྡ་ལན་ཤུགས་ཆེ་སྤྲད་ཀྱི་ཡོད་པའི་སྐོར་དང་། ཁོང་རྣམ་པ་བཞུགས་སྒར་དུ་བོད་དོན་ལ་རྒྱབ་སྐྱོར་སླད་ཕེབས་པ་དེས། རྒྱལ་ཁབ་སྟོབས་ཆེ་ཆུང་སུ་འདྲ་ཞིག་ཡིན་རུང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་བྱ་རྒྱུ་གལ་ཆེན་པོ་ཡིན་པར་གསལ་སྟོན་བྱེད་ཀྱི་ཡོད། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་མང་ཆེ་བ་བོད་དང་འདྲ་བར་དེ་སྔ་ཕྱིའི་དྲག་གནོན་དང་། རིག་གཞུང་གཏོར་སྐྱོན་སོགས་ཀྱི་དཀའ་ངལ་གཅིག་མཚུངས་མྱངས་ཡོད་པའི་སྐོར་དང་། བོད་ཀྱི་གནད་དོན་ནི་ཕྱིའི་བཙན་འཛུལ་ཙམ་མ་ཡིན་པར། བོད་མིའི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་དང་བཅས་པ་རྩ་མེད་གཏོང་བཞིན་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་ཆབས་ཅིག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།
