དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་ཁྲང་ལེ་ལགས་དང་། ཨོ་སི་ཀྲི་ལི་ཡར་གནས་སྡོད་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་སྒྱུ་སྩལ་བ་སྐུ་ཞབས་བྷ་ཌིའུ་ཚའོ་ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༡ ཉིན་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་ཁྲང་ ལེ་ (Cheng Lei) ལགས་དང་། ཨོ་སི་ཀྲི་ལི་ཡར་གནས་སྡོད་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་སྒྱུ་སྩལ་བ་སྐུ་ཞབས་བྷ་ཌིའུ་ཚའོ་ (Badiucao) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོ་བོ་གསུངས་དོན། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བཙན་ཤེད་ཐོག་མི་རིགས་མཉམ་བསྲེས་དང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཐོག་བོད་རྒྱ་འབྲེལ་མོལ་གནང་སྟེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ལོར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་པ་དང་། དུས་དེ་ནས་བཟུང་ད་བར་ང་ཚོའི་ངོས་ནས་འབྲེལ་མོལ་མཐུད་ཐབས་སླད་ཐབས་ཤེས་ཡོད་རྒུ་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་ནས་དེར་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་རྩ་བ་ནས་སྤྲད་མེད་པའི་སྐོར་དང་།  ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་དབུ་བཙུགས་པ་ནས་བཟུང་སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་སོང་།

སྐབས་དེར་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ལྷན་བཅར་ཞུས་འདུག་པ་བཅས།