དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡི་ཛི་ དུ་སེཀ་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༡༡ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡི་ཛི་ དུ་སེཀ་ (Senator Jiri Dusek) མཆོགདང་ལྷན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། བོད་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་ཁྱེད་རྣམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༧ ཕྱིན་པའི་རིང་རྒྱ་གར་དང་། ཨ་རི། ཡུ་རོབ་སོགས་ནས་བོད་དོན་ཐོག་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་ཅིང་། ལྷག་པར་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནི་ཆབ་སྲིད་ཐོག་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། ཕྱི་ལོ་ ༡༩༩༠ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་སི་ལབ་ཧཱ་ཝིལ་ (Vaclav Havel) མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དེ་གའི་སྲིད་འཛིན་གྱི་ཕོ་བྲང་ནང་གཞུང་འབྲེལ་མཇལ་འཕྲད་གནང་བ་དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༥ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་ཆེད་མངགས་ལ་དྭགས་སུ་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དེ་ཚོ་ཧ་ཅང་གི་གལ་ཆེན་པོ་ཞིག་དང་། ནམ་ཡང་བརྗེད་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད།

རྒྱ་གར་ལ་བཙན་བྱོལ་དུ་སླེབས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། རིམ་པས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཡོད་པ་དང་། བཙན་བྱོལ་ལ་སྡོད་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག སློབ་གྲྭ་དང་། དགོན་པ་གསར་འཛུགས་ཀྱིས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་གནང་ཐུབ་ཡོད་པ་རེད། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་པའི་ཕྲུ་གུ་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པ་རེད། རྒྱལ་སྤྱིའི་ནང་བོད་དོན་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁ་སང་གཞུང་འབྲེལ་གསུམ་བཅུའི་དུས་དྲན་མཛད་སྒོའི་སྐབས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་བྷི་ལེ་རྫར་ (Jiri Oberfalzer) མཆོག་གིས་ཐོག་མར་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་གསུངས་པའི་ཐོག་ནས་གསུང་བཤད་འགོ་བཙུགས་སོང་། དེ་ཚོ་ཧ་ཅང་གི་གལ་ཆེན་པོ་བརྩི་ཡི་ཡོད། བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་དང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོག་ནས་ཀྱང་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ལ་ངོས་འཛིན་ཡོང་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་ཐབས་སྐོར་འབོད་སྐུལ་ཞུས་སོང་། 

དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ནང་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་ངོ་སྤྲོད་གནང་སོང་།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡི་ཛི་ དུ་སེཀ་མཆོག(Senator Jiri Dusek)  གིས་བོད་མི་ཚོས་བོད་དོན་འཐབ་རྩོད་གནང་ཕྱོགས་ལ་བསྔགས་བརྗོད་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པའི་མྱོང་ཚོར། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བཅས་གནང་སོང་།

མཇལ་འཕྲད་སྐབས་ཅེཀ་སྤྱི་མཐུན་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་གི་སྐད་སྒྱུར་ལྕམ་སྐུ་སེལ་ཝེ་ ཇིན་ཊེ་རོ་ཝ་ (Sylvie Ginterova, Interpreter) ལགས་ལྷན་བཅར་ཞུས་གནང་ཡོད་པ་བཅས།