དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རྡོ་རྗེ་ཚེ་རིང་ལེབ་ཅ་མཆོག་དང་མཇལ་འཕྲད་གནང་བ།


༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ པའི་ཚེས་ ༢༡ ཉིན་འབྲས་ལྗོངས་མངའ་སྡེ་ནས་ཡིན་པ་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རྡོ་རྗེ་ཚེ་རིང་ལེབ་ཅ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་ ༦༥ ཙམ་འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དེ་ང་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་ཡོད་པ་དང་། བཙན་བྱོལ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག བོད་མི་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་གནང་ཐུབ་ཡོད། ད་དུང་ཡིན་ནའང་རྒྱ་གར་གཞུང་དང་གྲོས་ཚོགས། མི་མང་བཅས་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་བ་དང་།

དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་གནང་སྟེ་ད་ཆ་བོད་མིའི་སྒྲིག་འཛུགས་དེ་བཞིན་མང་གཙོའི་ཆ་ལག་ཚང་བའི་ཐོག་གོམ་སྟབས་བྱེད་བཞིན་ཡོད་པ་དང་། བོད་ནང་རྒྱ་ནག་དམར་གཞུང་གིས་མུ་མཐུད་སྡུག་རྩུབ་ཅན་གྱི་སྲིད་བྱུས་བཟུང་སྟེ། བོད་མི་རྣམས་ཀྱི་ཆོས་དད་དང་། སྐད་ཡིག་བཀོལ་སྤྱོད། མི་མང་འདུ་འཛོམས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོག་ཡོད་པ། བྱིས་པ་རྣམས་བཙན་ཤེད་ཐོག་ཕ་མ་དང་ཁ་ཕྲལ་ཏེ་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་ནས་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། གཞན་ཡང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་སོགས་ཀྱི་ཐོག་གསུངས་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་།

རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རྡོ་རྗེ་ཚེ་རིང་ལེབ་ཅ་མཆོག་དང་ལྷན། ཁོང་གི་ནང་མི་ལྷན་རྒྱས་དང་། སྒེར་དྲུང་བཅས་ཕེབས་འདུག་པ་བཅས།