དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བརྟན་བཞུགས་ཐོག་ཕེབས་པའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་མི་སྐུ་ཚབ་རྣམས་དང་ཐུག་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༡༥ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་བཞུགས་སྒར་དུ་བརྟན་བཞུགས་སླད་ཕེབས་པའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་མི་སྐུ་ཚབ་རྣམས་དང་ལྷན་ཐུག་འཕྲད་ཀྱིས་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱ་གར་གཞུང་གིས་གཙོས་པའི་བོད་མི་གནས་ཡུལ་རྒྱལ་ཁབ་ཁག་གི་གཞུང་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་པ་ཁག་གི་མཐུན་འགྱུར་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་འཐབ་རྩོད་དེ་བཞིན་རྒྱལ་སྤྱིའི་སྟེང་མུ་མཐུད་གནས་ཐུབ་པ་མ་ཟད། བོད་ཀྱི་ཆོས་དང་། རིག་གཞུང་ཐོག་ཆེ་མཐོང་སླེབས་ཐུབ་ཡོད་པ། བོད་དོན་བདེན་མཐའ་མ་གསལ་བར་ཚང་མས་སེམས་ཤུགས་མ་ཆག་པའི་ཐོག་མུ་མཐུད་བོད་དོན་འཐབ་རྩོད་གནང་དགོས་སྐོར་དང་།  བོད་སྤྱི་པའི་ལས་དོན་ཐོག་ཕྱག་ལས་གནང་སྐབས་ལྷག་བསམ་དང་སེམས་ཤུགས་ཡོད་ཐུབ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ནང་ཁུལ་དཀའ་ངལ་ཕྲན་བུ་ཡོང་སྐབས་ཕན་ཚུན་གོ་བསྡུར་སྦྱངས་བཤད་ཀྱི་ཐོག་ནས་སེལ་ཐབས་གནང་དགོས་སྐོར་གསུངས་སོང་།

བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་གནང་རྒྱུའི་གལ་གནད་དང་འབྲེལ་ཏེ་གསུངས་དོན། རྒྱ་ནག་དམར་གཞུང་གིས་བོད་ནང་ཕྲུ་གུ་རྣམས་བཙན་ཤེད་ཐོག་གཏན་འཇགས་སློབ་གྲྭར་བཅུག་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱའི་སྐད་ཡིག་བཀོལ་སྤྱོད་ཤུགས་ཆེར་གཏོང་རྒྱུ་དང་། མི་རིགས་མཉམ་སྲེས་བྱ་རྒྱུའི་རྣམ་པ་ཁྱབ་སྤེལ་ཤུགས་ཆེར་བྱས་པ་སོགས་ལོ་ལྔ་ཚན་ལྔ་ཚན་གྱི་སྲིད་བྱུས་ཐོག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་གཏོང་རྒྱུའི་ངན་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས། བཙན་བྱོལ་ནང་ཡོད་མཁན་བོད་མི་ཚོས་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག་ཐོག་ཤུགས་རྒྱག་དགོས་པ་མ་ཟད། བོད་པའི་མི་རབས་གསར་པ་རྣམས་ཀྱིས་བོད་དོན་ཐོག་འགན་ཁུར་རང་བཞིན་གྱི་སླེབས་ཐུབ་པ་ཞིག་བཟོ་ཐུབ་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ལོ་རྒྱུས་ཀྱི་གནས་བབ་དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་དོན། ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་ཀྱི་འཐབ་རྩོད་ཐོག་སེམས་ཤུགས་མ་ཆག་པའི་ཐོག་ནས་འགན་ཁུར་བཞེས་ཏེ། ལོ་རྒྱུས་ཐོག་བོད་འདི་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་བྱ་རྒྱུ་སོགས་བོད་ཀྱི་དངོས་ཡོད་ཀྱི་ལོ་རྒྱུས་གནས་བབ་ངོ་སྤྲོད་ཐུབ་དགོས་པ་དང་། བོད་སྤྱི་པའི་འཐབ་རྩོད་ཐོག་ནམ་ཡང་སེམས་ཁུར་མ་བརླག་པའི་ཐོག་གནས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། ཆབ་སྲིད་ཀྱི་ལས་དོན་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་སྟབས་སོ་སོའི་གནས་ཡུལ་རྒྱལ་ཁབ་ནང་བོད་དོན་དྲིལ་བསྒྲགས་ཤུགས་ཆེར་གནང་དགོས་པ་དང་། སྤྱི་ཚོགས་དྲྭ་ལམ་ནང་ལའང་བོད་ཀྱི་གནད་དོན་ཁྱབ་སྤེལ་བྱ་རྒྱུའི་གལ་གནད། ཕ་མ་ཚོས་སོ་སོའི་ཕྲུ་གུ་རྣམས་ལ་སོ་སོའི་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་འབྲེལ་ཏེ་བོད་ཀྱི་ལོ་རྒྱུས་སྐོར་ངོ་སྤྲོད་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་ལ་གསུངས་པ་དང་། དེ་བཞིན་བོད་མི་ཚོའི་ངོས་ནས་སོ་སོའི་སྒྲིག་འཛུགས་ལ་བློ་གཏད་ནས། དང་བླངས་དཔྱ་དངུལ་དུས་ཐོག་འབུལ་ཐུབ་དགོས་རྒྱུ་དང་། སོ་སོ་གནས་ཡུལ་སྤྱི་ཚོགས་ནང་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱིས་དང་བླངས་ཞལ་འདེབས་འབུལ་འདོད་ཡོད་མཁན་རྣམས་ལ་ལག་དེབ་སྔོན་པོའི་སྐོར་ངོ་སྤྲོད་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་རྗེས། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་གནང་སོང་།

སྐབས་དེར་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཨིན་ལེན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས། ཕ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་བཅས་ལྷན་བཅར་ཞུས་གནང་འདུག་པ་དང་། ཡུ་རོབ་རྒྱལ་ཁབ་ཁག་བཅུ་གཉིས་ཙམ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་མི་སྐུ་ཚབ་སོགས་ཕེབས་འདུག་པ་བཅས།