དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༢༠ ཉིན་བོད་ཀྱི་ཟློས་གར་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཤིང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག ཆེ་བསྟོད་སྐུ་མགྲོན་དུ་གནས་ཆུང་སྐུ་རྟེན་མཆོག་དང་། མཆོག་སྤྲུལ་ལྷ་རྒྱལ་རིན་པོ་ཆེ་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ས་གནས་ཁག་གི་ལྷ་མོའི་འཁྲབ་སྟོན་པ་རྣམ་པ། སེར་སྐྱ་མང་ཚོགས་བཅས་ཕེབས་འདུག

ཉིན་མཐའ་མའི་སྐབས་བོད་ཀྱི་ཟློས་གར་ཚོགས་པ་ནས་ལྷ་གཞུང་འགྲོ་བ་བཟང་མོ་གཟིགས་འབུལ་དང་། སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ལྷ་ཚོགས་སྐྱིད་སྡུག་ཁག་གི་ཞོ་སྟོན་ནང་མི་ལོ་ ༢༠ ལྷག་མཉམ་ཞུགས་གནང་མཁན་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། བོད་ཀྱི་ཟློས་གར་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་གཟེངས་བསྟོད་ཕྱག་ཁྱེར་ལྷ་ཚོགས་ཁག་གི་ཚོགས་གཙོ་བརྒྱུད་དེ་སྩལ་རྗེས། མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་ཚབ་མཆོག་བརྒྱུད་ཆོས་རིག་ལས་ཁུངས་ནས་ཞོ་སྟོན་ནང་མཉམ་ཞུགས་གནང་མཁན་ལྷ་མོ་ཚོགས་པ་ཁག་ལ་ཕྱག་རྟགས་གནང་ཡོད་པ་བཅས།