དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ནེའུ་ཡོག་ཁུལ་ལ་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཐུག་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༧ ཉིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ནེའུ་ཡོག་ཁུལ་ལ་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ལྷན་ཐུག་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས་ཕྱིར་བོད་ལ་ཕེབས་རྗེས། བོད་ནང་མང་གཙོ་ལག་བསྟར་གནང་རྒྱུའི་ཆེད་ལེགས་བཅོས་ཚོགས་ཆུང་བཙུགས་གནང་བ་དང་། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་སྐབས་དེ་དུས་བོད་ནང་རྒྱ་ནག་དམར་གཞུང་གིས་བཙན་འཛུལ་བྱེད་འགོ་བཙུགས་ཟིན་ཏེ། བོད་མི་ཚོ་སོ་སོའི་རང་ཡུལ་ནང་དཀའ་ངལ་འོག་ལྷུངས་བསྡད་ཡོད་རེད། དེའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དང་ལྷན་ཞི་འགྲིག་ཡོང་རྒྱུར་འབད་བརྩོན་རིམ་པར་གནང་ཡོད་ཀྱང་། རྒྱ་ནག་དམར་གཞུང་གིས་བོད་ནང་དབང་ཤུགས་བྱེད་རྒྱུ་ཤུགས་ཆེ་རུ་བཏང་བ་མ་ཟད། ༸གོང་ས་མཆོག་གི་སྐུ་ཕྱྭར་བཟློ་བའི་བྱ་སྤྱོད་དེ་ཚོ་མངོན་གསལ་དོད་པོ་ཆགས་ཡོང་དུས། ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་ཆེན་པོ་བྱུང་བ་དང་། དེ་རྗེས། ༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་དུ་འབྱོར་མ་ཐག་ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བོད་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ཁག་གི་སྐུ་ཚབ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་འབུལ་སྐབས།  ༸གོང་ས་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་ཕེབས་དོན་གཙོ་བོ་དེ། བོད་ཀྱི་ཆབ་སྲིད་བསྐྱང་རྒྱུའི་ཐད་སྔོན་མའི་ལམ་ལུགས་ལྟར་འགྲོ་རྒྱུ་མིན་པར། བོད་ཆོལ་ཁ་གསུམ་སོ་སོ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་སོ་སོ་ནས་འཐུས་མི་གཅིག་རེ་འདེམས་ནས་མང་ཚོགས་ཀྱི་སྐུ་ཚབ་ཕེབས་དགོས་པའི་བཀའ་སློབ་ཕེབས་པ་ལྟར། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་སྤྱི་འཐུས་དམ་བཅའ་ཕུལ་གནང་ཡོད། ཕྱིས་སུ་ལོ་ལྟར་དེ་ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་རེད། བོད་ཀྱི་མང་གཙོའི་བྱུང་རིམ་ལ་སྡེ་ཚན་འདྲ་དགོས་ན། ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར་མང་གཙོའི་བྱུང་རིམ་གཅིག་ཆགས་བསྡད་ཀྱི་ཡོད་རེད། དེའི་སྐབས་གཙོ་བོ་སྤྱི་འཐུས་ཀྱི་གྲུབ་ཆར་འགྱུར་བ་དང་། སྤྱི་འཐུས་ཀྱི་ལས་ཡུན་ལོ་གསུམ་ནས་ལྔར་སྤར་བ། བུད་མེད་སྤྱི་འཐུས་གཉིས་ངེས་པར་དུ་ཕེབས་དགོས་པ་སོགས་འགྱུར་བ་ཕྱིན་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད།

ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ་དང་། ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ། དེའི་ནང་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་སླེབས་དགོས་པ། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢། ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་གྲངས་འབོར་ཁྱོན་ ༤༥ ཡོད་པ་དང་། དེ་ཡང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོའི་ཐོག་ནས་འགྲོ་བསྡད་ཡོད་རེད། ཕྱི་ལོ་  ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་གནང་སྟེ། བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འདེམས་བསྐོ་གནང་རྒྱུ་དང་། སྐབས་དེ་དུས་༸གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་ཡིན་ཞེས་གསུངས་གནང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཁག་ལ་གསོལ་སྩལ་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། དེ་བཞིན་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་ཆོས་སྐོར་སོགས་ངོ་སྤྲོད་གནང་བ་དང་། གཞན་ཡང་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཐེ་ཝན་དང་། ཧོང་ཀོང་། སོག་པོ། ཡུ་གུར་སོགས་ཀྱི་སྐུ་ཚབ་ལྷན་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ཐུན་མོང་ཐོག་གདོང་ལེན་གནང་ཕྱོགས་སྐོར་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུས་ཡོད་པའི་སྐོར་དང་། མ་འོངས་པར་བོད་རིགས་དང་། རྒྱ་རིགས་རྣམས་དབར་གང་མང་བགྲོ་གླེང་གོ་སྒྲིག་ཞུ་ཐབས་གནང་དགོས་པ་དང་། མཉམ་རུབ་ཀྱི་ནུས་པ་འདོན་རྒྱུའི་ཐོག་གོ་བསྡུར་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གསུངས་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། སྤྱིར་བོད་རིགས་དང་། རྒྱ་རིགས་སོ་སོར་སོ་སོའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། ངོ་བོ། རིག་གཞུང་ཡོད་ཀྱང་། ང་ཚོ་དེ་རིང་ཕྱི་རྒྱལ་ལུང་པ་ཞིག་གི་ནང་ཐུག་འཕྲད་གནང་དགོས་བྱུང་བ་དེས་མང་པོ་ཞིག་མཚོན་གྱི་ཡོད། དེ་རིང་འདིར་འཛོམས་ཏེ་ང་ཚོའི་ངོས་ནས་སོ་སོའི་གནས་སྟངས་ངོ་མ་དེ་ཤོད་རྒྱུ་དང་། མ་འོངས་པར་གནས་སྟངས་དེ་བཞིན་ཇེ་བཟང་དུ་གཏོང་རྒྱུའི་ཆེད་དུ་རེད། རྒྱ་ནག་རྒྱལ་ཁབ་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པར་ཚང་མས་ངོས་འཛིན་གནང་གི་ཡོད་ཀྱང་། ཁྱེད་རྣམས་སོ་སོའི་རྒྱལ་ཁབ་ནང་རང་དབང་ཐོག་འཚོ་གནས་བྱེད་ཐུབ་ཀྱི་མེད་པ་དང་། ང་ཚོ་བོད་མི་ཚོ་ཕྱིའི་རྒྱལ་ཁབ་ནང་གནས་དགོས་བྱུང་བ་དེ་ཡང་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་འཛུལ་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོའི་ངོས་ནས་བོད་ནང་སྨྲ་བརྗོད་རང་དབང་དང་།  ཆོས་དད་རང་དབང་། སོ་སོའི་ཡུལ་སྲོལ་གཞིར་བཟུང་འཚོ་བ་བསྐྱལ་རྒྱུའི་གཞི་རྩའི་ཐོབ་ཐང་ཁག་ཡོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་དང་། དེ་དག་བསྒྲུབ་རྒྱུར་བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་ཡོད་པ་དང་།

དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ནང་གཙོ་བོ། ད་ལྟའི་རྒྱ་ནག་དམར་གཞུང་གིས་བོད་ནང་གཞིས་བཞུགས་བོད་མི་ཚོར་གདུག་རྩུབ་བཏང་དང་གཏོང་བཞིན་པ་དེ་མཚམས་འཇོག་དགོས་པ་དང་། དེ་བཞིན་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་བཅས་གཞིར་བཞག་པའི་ཐོག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་སོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་གནང་སོང་།

སྐབས་དེར་རྒྱ་རིགས་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་འཆར་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་ཧ་ཅང་གི་རྣམ་དཔྱོད་ལྡན་པ་ཞིག་ཡིན་སྐོར་དང་། བོད་རིགས་དང་། ཐེ་ཝན། ཧོང་ཀོང་སོགས་མཉམ་རུབ་ཐོག་ནས་རྒྱ་ནག་དམར་གཞུང་ལ་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་། གཞན་ཡང་ཐེངས་འདིའི་མཇལ་འཕྲད་ལྷན་འཛོམས་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་དང་། ཆབ་སྲིད་བཙོན་ཟུར་ཉི་མ་ལྷ་མོ་ལགས། བྱང་ཨ་རིའི་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་བཅས་ཕེབས་གནང་ཡོད་པ་བཅས། །