དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྣེ་ཁྲིད་པའི་ཕྱོགས་ཕེབས་སྤྱི་འཐུས་རྣམ་པས་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༤ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པ་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་ལས་ཁུངས་སུ་ཕེབས་ཏེ། ཚོགས་པའི་ཨེ་ཤི་ཡའི་ལས་འཆར་འགན་འཛིན་གཞོན་པ་ལྕམ་སྐུ་རཡེ་སཱ་ ཊ་ཊི་ ཧ་ཛིལ་ (Raissa Tatad-Hazell, the Deputy Regional Director for Asia Programs) མཆོག་དང་། ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་འགན་འཛིན་རི་ཤི་ དྷ་ཏ་ (Rishi Datta, Chief of Party for Central Tibetan Administration Support Programs) ལགས་སོགས་མཇལ་འཕྲད་གནང་ཡོད།

སྐབས་དེར་གཙོ་བོ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཞག་པའི་ཝ་ཤིང་ཊོན་ཌི་སི་སྤྱི་བསྒྲགས་ (Washington D.C Decalration) སྐོར་དང་། སྤྱི་བསྒྲགས་གཞིར་བཟུང་མ་འོངས་མཇུག་སྐྱོང་ལས་དོན་གནང་ཕྱོགས་དང་།

གྲོས་ཚོགས་ཀྱི་ལས་དོན་མང་པོའི་ཐོག་ལ་ NDI ནས་དཔལ་འབྱོར་གྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་ལས་འཆར་མང་པོའི་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་། དེ་རྗེས་དེ་གའི་ཚོགས་པའི་ངོས་ནས་བོད་མི་མང་སྤྱི་འཐུས་རྣམ་པ་ས་གནས་སུ་གཟིགས་སྐོར་ཞིག་གོ་སྒྲིག་ཞུས་ཡོད་པ་བཅས། །