དཔལ་ལྡན་ཚོགས་གཙོ་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་སོང་
ཟབ་སྦྱོང་འདི་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༡ ནས་ ༢༧ བར་འཚོག་གི་ཡོད་འདུག་པ་དང་། ཟབ་སྦྱོང་ནང་རྒྱ་བལ་གཉིས་སུ་གནས་འཁོད་བོད་པའི་སློབ་གྲྭ་ཁག་ ༡༦ ནས་རྒན་བདག་གྲངས་ ༤༤ དང་། ལམ་སྟོན་པ་དགེ་རྒན་གྲངས་ ༡༦ བཅས་མཉམ་ཞུགས་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། ངས་ཞུ་རྒྱུ་ནི་རྩ་བའི་མང་གཙོ་ཟེར་རྒྱུ་ཞིག་དང་བོད་ཀྱི་མང་གཙོའི་ཐོག་ཞུས་ན་བསམ་སོང་། མང་གཙོ་ཟེར་དུས་ལམ་སང་སེམས་ནང་གོ་བ་ལེན་རྒྱུ་འདི་ཆབ་སྲིད་ཀྱི་སྒྲོམ་གཞི་ཟེར་ནའང་མི་འདུག ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་ཕྱོགས་ཤིག་ལ་གོ་དགོས་ཀྱི་ཡོད་རེད། བོད་ཀྱི་ཐ་སྙད་ནང་མང་གཙོ་ཟེར་དུས་ “མང་གཙོ།” འབྲི་མཁན་ཞིག་དང་། འདི་ང་ཚོའི་བཙན་བྱོལ་ནང་བེད་སྤྱོད་འདི་གཏོང་གི་ཡོད་རེད། བོད་ནང་གི་མཁས་དབང་རྣམས་ནས་ “དམངས་གཙོ།” ཞེས་མིང་ཚིག་འདི་ཚིག་ཆ་ཅུང་མི་འདྲ་བ་རེད་མ་གཏོགས་སྒྲ་འདི་གཅིག་པ་སླེབ་ཀྱི་ཡོད་རེད། དེ་བཞིན་འགྲེལ་བཤད་རྒྱག་སྟངས་ཏོག་ཙམ་མི་འདྲ་བ་ཡོང་གི་འདུག རྒྱལ་སྤྱིའི་ཆབ་སྲིད་ཀྱི་རིག་པའི་བྱུང་རིམ་ལ་ལྟ་ཡོང་དུས། མང་གཙོ་ཟེར་བ་འདི། དང་པོ་གྷི་རི་སི་རྒྱལ་ཁབ་ནས་དར་བ་དང་། གྷི་རིག་ཐ་སྙད་ནང་ (Demos Kratos) ཞེས་འབོད་ཀྱི་ཡོད་པ་དང་། དེང་སང་ཨིན་ཇི་ནང་སྒྱུར་ཡོང་དུས་ (Democracy) ཞེས་སྒྲ་ཇི་མ་ཇི་བཞིན་སླེབ་བསྡད་ཡོད་རེད། ཡིན་ནའང་སྐབས་དེ་དུས་གོ་བ་ལེན་སྟངས་ལྟར་ན་ (Demos) ཟེར་ན་མི་མང་ངམ་མང་ཚོགས་དང་། (Kratos) ཞེས་པ་ནི་མི་མང་གི་དབང་བསྒྱུར་རམ་འགའ་རེས་ཁྲིམས་ཀྱི་དབང་བསྒྱུར་ཞེས་གོ་དགོས་པ་བཤད་ཀྱི་འདུག

ང་རང་ཚོའི་སྤྱི་ཚོགས་ནང་མང་གཙོ་ཟེར་བ་འདི་གང་འདྲ་གོ་བ་ལེན་དགོས་རེད་ཟེར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ནང་གསལ་གྱི་ཡོད་རེད། ལས་ངལ་རྩོལ་ལ་བརྟེན་ཞིང་གྲལ་གྱི་མཐའ་གནས་པ་མི་མང་ལ་གོ་དགོས་པ་དང་། གཙོ་ཟེར་བ་འདི་དེ་དག་གཙོ་བོར་འཛིན་དགོས་པའམ་དོན་གྱི་བདག་པོ་ཡིན་པ། མི་མང་གིས་གཙོ་བོ་འགན་འཁུར་དགོས་ཀྱི་ཡོད་པ་ཞིག་ལ་གོ་དགོས་རེད།

མང་གཙོའི་འགྲོ་ལུགས་ནང་ནས་གལ་ཆེ་བ་འདྲ་མཉམ་དང་། རང་དབང་། ཐོབ་ཐང་། ཕྱི་གསལ་ནང་གསལ། ཁག་ཅིག་གིས་འོས་བསྡུའི་ཐོག་ནས་གོ་བ་ལེན་གྱི་ཡོད་རེད། འདྲ་མཉམ་ཟེར་དུས་ཕོ་མོ་འདྲ་མཉམ། རིགས་རུས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པ། རང་དབང་ཟེར་དུས་སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། འོས་བསྡུའི་བདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་རང་དབང་། དེ་བཞིན་འདུ་འཛོམས་ཀྱི་རང་དབང་། སོ་སོར་བདག་པའི་ས་ཁང་སོགས་དངོས་པོ་རྣམས་རང་དབང་ཡོད་པ་ལ་གོ་དགོས། ཐོབ་ཐང་ཟེར་དུས་འོས་བསྡུའི་ཐོབ་ཐང་ཡོད་པ་སོགས་དང་། ཕྱི་གསལ་ནང་གསལ་ཟེར་དུས་གཞུང་དང་སྒྲིག་འཛུགས་ཀྱིས་ཕྱག་ལས་ག་རེ་གནང་བ་ཡིན་ནའང་། ཕྱི་གསལ་ནང་གསལ་ཐོག་མང་ཚོགས་ཀྱི་མཁྱེན་དགོས་ཀྱི་ཡོད་པ། མང་ཚོགས་ཀྱི་ངོས་ནས་ཡིན་ནའང་མང་གཙོ་ཟེར་དུས་སོ་སོའི་ངོས་ནས་གང་དྲན་དྲན་དང་། གང་བྱུང་བྱུང་བཤད་པ་དེ་འདྲའི་གནས་བབ་མིན་པར། མི་མང་གི་གནས་བབ་དེའང་ཤེས་ཚད་རྣམ་དཔྱོད་ཡོད་མཁན། ཤེས་ཡོན་ཡོད་མཁན། དེའི་ཐོག་ལ་ཆ་ཤས་ལེན་ཐུབ་མཁན་དེ་འདྲ་ཞིག་དགོས་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་གསུང་གི་ཡོད་རེད། ནང་ཆོས་ཕྱོགས་ནས་ཞུས་ན། སྤྱིར་བཏང་ཆབ་སྲིད་ཀྱི་ལྟ་གྲུབ་འཛིན་སྐྱོང་བྱེད་སྟངས་ཀྱི་ལམ་ལུགས་མི་འདྲ་བ་མང་པོ་ཡོད་རེད། རྒྱལ་པོའི་ལམ་ལུགས་དང་། དམར་ཤོག་གི་ལམ་ལུགས། དེ་ལས་གཞན་པའི་ལམ་ལུགས་མང་པོ་ཡོད་རེད། ཡིན་ནའང་། མང་གཙོ་ཟེར་བ་འདི་ནང་ཆོས་ཐོག་ནས་ཞུས་པ་ཡིན་ན། ནང་ཆོས་མཉམ་དུ་མཐུན་ཆེ་ཤོས་ཡིན་ཞེས་གསུང་གི་ཡོད་རེད། མི་མང་གི་ཐོག་ནས་གཞུང་འཛིན་སྐྱོང་བྱེད་སྟངས་དང་། འགན་འཁུར་བཞེས་སྟངས། དེ་དང་མཉམ་དུ་མི་མང་གི་ཤེས་ཚད་དང་མི་མང་གི་རྣམ་དཔྱོད་དེའང་གལ་ཆེན་པོ་རེད་འདུག ནུབ་ཕྱོགས་པས་མཚམས་རེ་མི་མང་ལ་རྣམ་དཔྱོད་དང་ཤེས་ཡོན་མེད་ན་མང་གཙོ་ཟེར་བའི་གོ་དོན་འདི་ལོངས་སུ་སྤྱོད་ཐུབ་ཀྱི་མེད་པ། ཡང་ཕྱི་ཅི་ལོག་པ་ལོངས་སུ་སྤྱོད་ཀྱི་ཡོད་པས་མི་ལྐུགས་པ་མང་པོ་མཉམ་འདུས་པ་ནང་བཞིན་ཏག་ཏག་འགྲོ་ཐུབ་ཀྱི་མེད་པ་བཤད་ཀྱི་ཡོད། ཡིན་ནའང་། མང་གཙོའི་ལྟ་གྲུབ་བྱུང་སྟངས་ལ་བལྟས་པ་ཡིན་ན། ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་འཛིན་སྐྱོང་བྱེད་སྟངས་འདི་ཧ་ལས་པའི་ཡག་པོ་ཆགས་བསྡད་ཡོད་རེད། དེང་སང་དུས་རབས་ཉེར་གཅིག་གི་སྤྱི་ཚོགས་ནང་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་འཕྲད་བསྡད་ཡོད་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཡིན་ནའང་འདྲ། ཤར་ཕྱོགས་ཀྱི་རྒྱལ་ཁབ་ཡིན་ནའང་འདྲ། དཀའ་ངལ་ཤུགས་ཆེན་པོ་འཕྲད་ཀྱི་ཡོད་རེད། གཅིག་ནི་འགན་འཁུར་མཁན་གྱི་འགོ་ཁྲིད་ཀྱི་བྱེད་ཕྱོགས་ལ་རག་ལས་ཀྱི་ཡོད་རེད། ཕྱོགས་གཅིག་ནི་མི་མང་གི་བསམ་ཚུལ་ལ་རག་ལས་ཀྱི་ཡོད་རེད། ཕྱོགས་གཞན་ནས་དེང་སང་སྤྱི་ཚོགས་དྲ་རྒྱ་ཡི་ཐོག་ནས་གོ་རྙོག་ཤུགས་ཆེ་རུ་འགྲོ་རྒྱུ། རྩོད་རྙོག་ཡིན་ནའང་ཤུགས་ཆེ་རུ་འགྲོ་རྒྱུ། དེ་བཞིན་གཅིག་གིས་གཅིག་ལ་ཡིད་ཆེས་མེད་པའི་གནས་སྟངས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ། དེ་འདྲའི་གནས་སྟངས་ཤིག་སླེབ་ཡོང་དུས་རང་བཞིན་གྱིས་དཀའ་ངལ་འདི་ཚང་མར་འཕྲད་སྡོད་ཀྱི་ཡོད་རེད། དེ་ཚོ་འགོག་སྲུང་བྱ་རྒྱུར་རྣམ་དཔྱོད་དང་ལྡན་པའི་ཐོག་དང་དེང་སང་གི་འཕྲུལ་རིག་དང་ལྡན་པའི་ཐོག སྤྱི་ཚོགས་དྲ་རྒྱ་ཡིན་ནའང་ལུང་པ་འགའ་ཤས་ལ་གང་བྱུང་མང་བྱུང་བེད་སྤྱོད་གཏོང་མི་ཆོག་པ། དཔེར་ན། རྒྱ་ནག་ལྟ་བུ་ཡིན་ན། གནས་བབ་དེ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པས་ Social Media ནང་ངོ་དེབ་དང་། Instagram, tweeter དེ་ཚོ་ཁྱོན་ནས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་མ་རེད། ཁོང་ཚོའི་གཞུང་གི་འཛིན་སྐྱོང་ཡིན་ནའང་འདྲ། དཔལ་འབྱོར་གྱི་གནས་སྟངས་ཡིན་ནའང་འདྲ། དེ་བཞིན་ཆབ་སྲིད་དང་བཅས་པ་ཚང་མར་འགོག་རྐྱེན་འདི་སླེབ་ཡོང་དུས་དེ་འདྲའི་བཀག་བསྡོམས་བྱེད་ཀྱི་ཡོད་རེད། རྒྱ་གར་དུ་ཡིན་ནའང་དེ་ག་རང་རེད། རྒྱ་ནག་གི་ WeChat ལ་སོགས་པ་ཚང་མ་བཀག་བཞག་ཡོད་རེད། དེ་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་དེ་འགོག་དགོས་ཁེལ་བ་རེད། ངས་ཞུ་དགོས་པའི་རྒྱུ་མཚན་འདི་ག་རེ་ཡིན་ཞེ་ན། སོ་སོའི་མི་རིགས་དང་། རྒྱལ་ཁབ། ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་སྟངས་འདི་ཕྱོགས་གཅིག་ནས་སྤུས་ཚད་ཡག་ཏུ་གཏོང་རྒྱུ་དང་། ཕྱོགས་གཅིག་ནས་དེར་ཤུགས་རྐྱེན་མ་འགྲོ་བ། གཅིག་གིས་གཅིག་ལ་ངོ་སྲུང་བྱེད་དགོས་རྒྱུ། ཉེན་ཚབ་ཆེ་རུ་མ་ཡོང་བའི་ཆེད་དུ་ཐབས་ཤེས་བྱེད་རྒྱུའི་གནས་སྟངས་ཆགས་བསྡད་ཀྱི་འདུག དེ་ཡང་དེང་སང་གི་དུས་ཚོད་ལ་གཞུང་རེད། སྒྲིག་འཛུགས་རེད། ཚོགས་པ་སྒེར་བྱེ་བྲག་ཚང་མས་དྲུང་པོ་བྱེད་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ང་ཚོའི་སྤྱི་ཚོགས་དེ་ཆུང་ཆུང་ཡིན་དུས་ཟུར་དུ་ལྷག་གི་ཡོད་མ་རེད། འདིའི་འོག་ཏུ་ཚུད་འགྲོ་ཡི་རེད། ཚུད་འགྲོ་དུས་ང་ཚོའི་ངོ་བོ་འདི་ག་འདྲ་འདུག དེ་ཚོར་དྲུང་པོ་བྱས་ནས་ངོ་བོ་འཚོལ་དགོས་རྒྱུ། གནས་སྟངས་འདི་ཉམས་ཞིབ་བྱས་ནས་དངོས་ཡོད་གནས་སྟངས་འདི་ཤེས་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་ཆགས་བསྡད་ཡོོད་རེད། མང་གཙོའི་གཞི་རིམ་སྲུང་སྐྱོབ་བྱེད་དགོས་པའི་གནས་བབ་ཅིག་ཆགས་བསྡད་ཀྱི་འདུག ང་ཚོའི་མང་གཙོ་འདི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལ་བརྟེན་ནས་བྱུང་བ་རེད། ཁོང་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་སྐབས་སུ་མང་ཚོགས་ཚང་མས་ཡིད་ཆེས་དང་བརྩི་བཀུར་ཆ་ཚང་ཡོད་རེད། དེ་དུས་མི་མང་ངོས་ནས་དོགས་པ་རྣམ་རྟོག་ཁྱོན་ནས་ཡོད་མ་རེད། སོང་ཙང་གཞི་རིམ་གྱིས་༧གོང་ས་མཆོག་ནས་བཀའ་ག་རེ་གསུངས་པ་དེར་ང་ཚོས་ཤར་བསྐྱོད་བྱས་པ་ཡིན་དུས། མང་གཙོའི་སྒྲིག་འཛུགས་དང་མཉམ་དུ་ཡིད་ཆེས་དེའང་ཤུགས་ཆེ་རུ་སླེབས་པའི་གནས་བབ་དེ་ཆགས་བསྡད་ཡོད་རེད། རྒྱ་གར་གྱི་མང་གཙོ་དང་། ཐེ་ཝན་རེད། དེ་བཞིན་ལྷོ་ཀོ་རི་ཡ་རེད། ཁོང་ཚོའི་མང་གཙོ་འགྲོ་སྟངས་དང་ང་ཚོའི་མང་གཙོ་འདི་གང་ལ་གང་འཚམ་འདྲ་ཡི་ཡོད་རེད་དེ། ཡིན་ནའང་། ང་ཚོས་མི་འདྲ་བ་གཅིག་འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་དེ་དག་ང་ཚོས་གཙོ་བོར་འཛིན་དགོས་པ་དེ་རེད། དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། དེ་གཙོ་བོར་འཛིན་ནས་ང་ཚོས་ཕྱག་ལས་གནང་མ་ཐུབ་པ་ཡིན་ན། ང་ཚོའི་མང་གཙོ་ལ་ཉེན་ཁ་ཤུགས་ཆེན་པོ་ཞིག་འཕྲད་སྲིད་པ་ཞིག་རེད། དེ་ཚོ་ངས་དཔྱད་པ་བྱ་རྒྱུའི་སྒོ་ཙམ་ཞིག་ཞུ་ཡི་ཡོད། དེར་རྣམ་པ་ཚོས་སྒོ་ནང་དུ་འཛུལ་ནས་དངོས་པོ་གང་འདྲ་འདུག དེབ་ག་རེ་འདུག དེབ་ནང་ག་རེ་བཤད་འདུག དེ་ཚོ་ལྟོས་དང་ཧ་གོ་ཡོང་གི་རེད།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ཞུས་པ་ཡིན་ན། ཐོག་མར་ཕྱི་ལོ་ ༡༩༥༠ ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་བ་དང་། ༸གོང་ས་མཆོག་གིས་ལེགས་བཅོས་ཚོགས་ཆུང་ཞིག་བཙུགས་ནས་སྔ་མོའི་གཞུང་གི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་དགོངས་པ་བཞེས་གནང་ཡོད་རེད། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གིས་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་འཇོག་དགོས་བྱུང་བ་རེད། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་པེ་ཅིང་ལ་ཕེབས་ནས་མའོ་ཀྲུ་ཞིས་མཚོན་པའི་རྒྱ་ནག་གི་འགོ་ཁྲིད་མང་ཆེ་བ་དང་མཇལ་འཕྲད་དང་དམར་ཤོག་གི་འགྲོ་སྟངས་མཁྱེན་པ་གནང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་གཙོས་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་མང་གཙོའི་འགྲོ་སྟངས་དེ་ཚོར་མཁྱེན་རྟོགས་དང་། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀར་ཕེབས་གནང་མཛད། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བགྲོ་གླེང་གནང་སྟངས་དང་། མི་རེ་གཉིས་ཀྱིས་གང་བཤད་བཤད་མིན་པ། འཐུས་མི་སོ་སོའི་ངོས་ནས་བསམ་ཚུལ་དེ་དག་དྲང་པོ་དང་བདེན་པ་ཁ་ཐུག་བཤད་ཆོག་པའི་གོ་སྐབས་ཆ་ཚང་ཞིག་ཡོད་པ། མང་གཙོ་ཟེར་དུས་གཅིག་གི་འོག་སྒུར་མི་དགོས་པར་འདྲ་མཉམ་ཐོག་ནས་གོ་བསྡུར་བྱེད་ཐུབ་པ། དྲི་བ་གཏོང་ཐུབ་པ་སོགས་མང་གཙོའི་ལམ་ལུགས་དེར་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་གཟིགས་ནས་༧སྐྱབས་མགོན་རིན་པོ་ཆེས་མང་གཙོའི་དགོངས་པ་བཞེས་ཕྱོགས་བརྟན་དུ་ཕྱིན་ཡོད། ཆབ་སྲིད་ཀྱི་ལམ་ལུགས་ནང་ནས་མང་གཙོའི་འགྲོ་སྟངས་འདི་ཡག་ཤོས་ཡིན་པ་དགོངས་པ་བཞེས། ལེགས་བཅོས་ཚོགས་ཆུང་ཞེས་ཚོགས་ཆུང་ཞིག་བཙུགས་གནང་བ་སྟེ་ཚོགས་ཆུང་དེས་ཕྱག་ལས་གང་ལ་གང་འཚམ་གནང་། དེ་བཞིན་གཞུང་དང་མི་མང་ནས་དྲང་པོ་མ་བྱུང་བའི་གནས་སྟངས་དེ་འདྲ་ཆགས་དུས། ནམ་རྒྱུན་གཅིག་ལ་ཞུས་ན་དེ་ཡིས་ག་རེ་གསུངས་ནའང་དེ་ག་རང་ཐག་གཅོད་ཆགས་འགྲོ་ཡི་ཡོད་རེད། དེར་ཞིབ་འཇུག་གང་ཡང་བྱེད་ཀྱི་ཡོད་མ་རེད། དཔེར་ན། རྩོད་རྙོག་དེ་འདྲ་བྱུང་བ་ཡིན་ན། གཅིག་གི་སྐད་ཆ་ཉན་ནས་ཐག་གཅོད་བྱས་པ། དྲང་པོ་མི་བྱུང་བའི་གནས་སྟངས་དེ་འདྲ་མང་པོ་ཞིག་གཟིགས་ནས་༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་རྗེས་སུ་དེ་དག་ཡག་པོ་ཡོང་རྒྱུའི་ཆེད་དུ་གྱོད་ཞིབ་ཚོགས་ཆུང་ཞེས་ཟུར་དུ་བཙུགས། གང་ལྟར་༧སྐྱབས་མགོན་རིན་པོ་ཆེ་སྐབས་དེ་དུས་ནས་གཞི་རིམ་མི་མང་གི་བསམ་ཚུལ་འདི་མཁྱེན་རྟོགས་གནང་རྒྱུ། མཁྱེན་རྟོགས་གནང་བ་ཙམ་མ་ཟད་འདི་ཡིས་བསམ་ཚུལ་ནང་བཞིན་འགྲོ་ཐུབ་རྒྱུའི་ལེགས་བཅོས་ཚོགས་ཆུང་འཛུགས་རྒྱུ། གྱོད་ཞིབ་ཚོགས་ཆུང་འཛུགས་རྒྱུ་བཅས་དགོངས་པ་རླབས་ཆེན་པོ་ཞེ་དྲག་ཅིག་བཞེས་གནང་ཡོད་པ་དེ་ང་ཚོས་ཤེས་ཐུབ་པ་དགོས་ཀྱི་རེད།

དེའི་རྗེས་སུ་སྟབས་མི་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས། ཕྱི་ལོ་ ༡༩༥༡ ནས་ ༡༩༥༩ བར་ལོ་བརྒྱད་རིང་རྒྱ་ནག་མཉམ་དུ་ཆིངས་ཡིག་དོན་ཚན་བཅུ་བདུན་གོ་དོན་བཞིར་བཟུང་གནས་ཐུབ་རྒྱུའི་ཐུགས་བཞེས་མང་པོ་གནང་ཡོད་ཅེས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ནང་གསལ་གྱི་ཡོད་རེད། ཡིན་ནའང་ཡིད་ཆས་ཁྱོན་ནས་མ་བྱེད་པར་མཐའ་མ་རྒྱ་ནག་གིས་༧སྐྱབས་མགོན་རིན་པོ་ཆེ་ལ་ཟློ་གར་ཁྲབ་སྟོན་དེ་འདྲར་གདན་འདྲེན་ཞུས། གདན་འདྲེན་ཞུ་སྐབས་༧སྐྱབས་མགོན་རིན་པོ་ཆེ་སྐུ་རྐྱང་མ་གཏོགས་སྐུ་འཁོར་དང་སྐུ་སྲུང་དེ་འདྲ་སུ་ཡང་མཉམ་དུ་ཡོང་མི་ཆོག་པའི་ཆ་རྐྱེན་བཞག། དེའི་སྔོན་ལ་ཁམས་དང་ཨམ་མདོ་ཕྱོགས་སུ་བླ་མ་དེ་འདྲ་མང་པོ་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱས་པ་ལ་སོགས་པའི་དཀའ་ངལ་དེ་ཡོད་བཞིན་པ་རེད། དེ་ཡིན་དུས་མང་ཚོགས་ཀྱིས་དེ་མཁྱེན་ནས་ནོར་བུ་གླིང་ཁར་༧གོང་ས་མཆོག་མ་ཕེབས་རོོགས་བཞེས་འདུ་འཛོམས་གནང་དེ་ནས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ མི་མང་གིས་སྒེར་ལངས་བྱས་པར་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་པའི་ཉིན་མོ་དེ་ཆགས་ཀྱི་ཡོད་རེད། དེ་རྗེས་༸གོང་ས་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་ནོར་བུ་གླིང་ཁ་ནས་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་བ་དང་མཉམ་རྗེས་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་དུ་བཙལ་བྱོལ་ལ་འབྱོར།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས། བཙན་བྱོལ་བོད་གཞུང་དེ་ཉིད་དེང་གི་མང་གཙོའི་ལམ་ལུགས་ལྟར་བསྐྱོད་དགོས་པའི་དགོངས་པ་བཞེས་པ་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་འཛོམས་ནས་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་ཅིང་། དུས་དེ་ནས་བཟུང་༸གོང་ས་མཆོག་གིས་གང་གསུང་པ་བཀའ་གསུང་ཅི་སྒྲུབ་གནང་རྒྱུ་དང་། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་སྟེ་བརྟན་བཞུགས་ཕུལ། སྐབས་དེར་༸གོང་ས་མཆོག་གིས་ད་ནས་བཟུང་བོད་ཟེར་བ་འདི་ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོའི་གཞུང་ཚད་ལྡན་ཞིག་དགོས་ཀྱི་ཡོད་པས། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་རེ་འདེམས་དགོས་པ། དེ་ཡང་ཤེས་ཡོན་ཅན་དང་། ལྷག་བསམ། འཇོན་ཐང་། དེ་དག་ཚང་བའི་མི་སྣ་རྣམས་བདམས་ནས་ཡར་གཏོང་ཤོག་ཅེས་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེའི་ཟླ་བ་ ༩ ཚེས་ ༢ སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དེ་དུས་འཐུས་མི་གྲངས་ ༡༣ ཡོད་པ་རེད། སྐབས་དེ་དུས་ཀྱི་མི་མང་ཚོ་ཡིན་ནའང་ངས་ཞེ་དྲག་ཡག་པོ་རེད་བསམ་གྱི་འདུག ༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་གོམ་པ་དེ་དུས་ནས་སྤོ་ཐུབ་ཡོད་རེད། དེ་དུས་ཀྱི་མི་མང་ཚོ་ཡིན་ནའང་ཕྱི་ལོ་ ༡༩༥༩ ཟླ་ ༤ ཡས་མས་ནང་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་རེད། དེ་དུས་རྒྱ་གར་གྱི་སྐད་དང་ཡི་གེ་ཤེས་ཀྱི་ཡོད་མེད། རྒྱ་གར་ལུང་པའི་ནང་འགྲོ་སྟངས་ཤེས་ཀྱི་ཡོད་མ་རེད། འདིར་ངོ་ཤེས་པ་སུ་གཅིག་ཀྱང་ཡོད་མ་རེད། དེ་འདྲ་ཡི་དུས་ཚོད་ལ་༧སྐྱབས་མགོན་རིན་པོོ་ཆེས་གང་གསུངས་པ་གཞིར་བཟུང་གིས་ཁུངས་སོ་སོ་ནས་འཐུས་མི་ཡར་བཏང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དྷ་རམ་ས་ལར་༧གོང་ས་མཆོག་གི་སྐུ་མདུན་དུ་དམ་བཅའ་ཕུལ་ཏེ་འགན་ཁུར་བཞེས་ཡོད་རེད། དེ་རྗེས་རིམ་པས་བཙན་བྱོལ་བོད་མིའི་མང་གཙོའི་ཉིན་མོར་གཏན་འབེབས་ཀྱིས་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད།

བཙན་བྱོལ་བོད་མི་མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་བཟོ་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག ཁྲིམས་ལུགས་དབང་འཛིན་བཅས་མང་གཙོའི་ཀ་བ་གསུམ་ཡོད་ཅིང་། དེ་ཡང་དབང་ཆ་རྣམས་ཆ་བགོས་ཀྱིས་ལྗིད་མཉམ་སྟངས་འཛིན་གནང་བཞིན་ཡོད་པ་དང་། དེའི་འོག་རང་དབང་ཅན་གྱི་སྡེ་ཚན་གསུམ་སྟེ། འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་བཅས་ཆ་ལག་ཚང་བའི་མང་གཙོ་ཚད་ལྡན་ཞིག་ཆགས་ཡོད།

སྤྱི་འཐུས་སྐབས་དང་པོ་ནས་བདུན་པ་བར་སྤྱི་འཐུས་ཀྱི་ལས་ཡུན་ལོ་གསུམ་དང་། སྤྱི་འཐུས་སྐབས་བརྒྱད་པ་ནས་ལས་ཡུན་ལོ་ལྔ་རེར་འགྱུར་བ་བཏང་ཡོད། ཕྱི་ལོ་ ༡༩༦༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་བསྡུས་དང་། ཕྱི་ལོ་ ༡༩༦༣ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་དང་། ཕྱི་ལོ་ ༡༩༩༠ ལོར་༸གོང་ས་མཆོག་གིས་ཐད་བསྐོས་ཀྱིས་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་འཛུགས་པ་དང་དེ་དང་མཉམ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཀྱི་འགན་དབང་བསྐུར། སྤྱི་འཐུས་སྐབས་ ༡༡ པས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། སྐབས་དེ་དུས། སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ་དང་། ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ། དེའི་ནང་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་སླེབས་དགོས་པ། ཐད་བསྐོས་སྤྱི་འཐུས་ ༡ ནས་ ༣ བར། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢ རེ་ཁྱོན་སྤྱི་འཐུས་གྲངས་འབོར་ ༤༦ ལ་སྤར་གནང་བ་དང་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་གནང་མཛད། དེ་དང་མཉམ་དུ་འཛིན་སྐྱོང་ལ་སྟངས་འཛིན་བྱ་རྒྱུའི་ཕྱག་ལས་གནང་གི་ཡོད།

ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་རྒྱུའི་སྲོལ་གཏོད་པ་དང་། བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་རྣམ་པ་བདམས་ཐོན་བཀའ་ཁྲིས་གྲོས་ཚོགས་སུ་བསྣམས་ནས་སྤྱི་མོས་བྱུང་ན་སྨོས་མེད་དང་། སྤྱི་མོས་མ་བྱུང་ན་གསང་བའི་འོས་ཤོག་འཕེན་ཏེ་འདེམས་དགོས་ཀྱི་ཡོད། དེ་ནས་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་སོགས་དེ་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ཡོད། འོན་ཀྱང་༸གོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་མི་མང་ནས་བདམས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དེས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རེ་བ་མེད་པ་ལྟ་བུ་དང་། བོད་ཀྱི་འཐབ་རྩོད་བློས་བཏང་བ་ལྟ་བུ་རྩ་བ་ནས་མིན་པ་དང་།བཙན་བྱོལ་བོད་མིའི་འཛིན་སྐྱོང་དེ་གང་ཟག་གཅིག་ལ་ལྟོས་མི་དགོས་པར་མང་ཚོགས་ཀྱིས་འོས་འདེམས་བྱེད་དགོས་པ་ལྟ་བུ་དེང་སང་གི་འགྲོ་སྟངས་དང་མཐུན་པ་ཞིག་ལ་གཟིགས་པ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད། ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢།རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་གྲངས་འབོར་ཁྱོན་ ༤༥ ཡོད་པ་རེད།

ལོ་རེར་ཚོགས་ཐེངས་གཉིས་རེ་དང་། ཟླ་བ་དྲུག་རེའི་ནང་ཚུན་ལྷན་ཚོགས་རེ་སྟེ། ཕྱི་ཟླ་གསུམ་པའི་ནང་སྔོན་རྩིས་ཚོགས་དུས་འདི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ས་གནས་ཀྱི་འབྱུང་འགྱུར་གྱི་ལོ་གཅིག་གི་འགྲོ་སོང་འདི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱེད་ཀྱི་ཡོད་རེད། དེ་བཞིན་ཕྱི་ཟླ་དགུ་པའི་ནང་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་ཚོགས་དུས་རེད།

མང་གཙོའི་ནང་དཔལ་བྱོར་གྱི་འགན་སྲུང་བྱེད་ཕྱོགས་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། མང་གཙོར་བར་ཆད་སྤྲོད་མཁན་དེ་གཙོ་བོ་གཉིས་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། གཅིག་འདི་དཔལ་འབྱོར་རེད། གཉིས་འདི་མིའི་གནོན་ཤུགས་དེ་ཆགས་བསྡད་ཡོད་རེད། དཔལ་འབྱོར་གནས་སྟངས་ཡག་པོ་ཡོད་ན་བསླུ་བྲིད་བྱེད་ཐུབ་ཀྱི་མ་རེད། དྲང་པོ་བདེན་པ་ག་རེ་ཡིན་པ་དེ་འགྲོ་ཐུབ་ཀྱི་རེད། རིགས་ཤིག་དབང་ཤུགས་ཀྱི་ཐོག་ནས་ཡོང་གི་ཡོང་རེད། དེ་མང་གཙོའི་འགྲོ་སྟངས་ཐོག་ནས་འགོག་རྐྱེན་ཆེ་ཤོས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོས་དཔལ་འབྱོར་གྱི་ཐོག་ནས་ཀྱང་བསམ་བློ་གཏོང་ཐུབ་དགོས་རྒྱུ་འདི་གལ་ཆེན་ཆགས་བསྡད་ཡོད་རེད། རྣམ་པ་ཚོས་དེ་འདྲའི་ཐོག་ལ་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། མ་འོངས་པའི་དོན་གྱི་བདག་པོ་དེ་གཞོན་སྐྱེས་ཚོ་ཆགས་བསྡད་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་བཞེས་མཁན་དེའང་གཞོན་སྐྱེས་རྣམས་པ་ཆགས་བསྡད་ཡོད་རེད། ང་ཚོའི་གྲོས་ཚོགས་ལྟ་བུ་ཡིན་ན་མང་བ་དེ་གཞོན་སྐྱེས་དང་། དེ་ཡང་བཙན་བྱོལ་ནང་འཚར་ལོངས་བྱེད་མཁན་ཚོ་སླེབས་བསྡད་ཡོད་པ་རེད། དེ་ཡིན་དུས་འགྱུར་བ་དེ་ལོ་ལྔ་རེ་མཚམས་ལ་འགྲོ་ཡི་ཡོད་རེད། དེ་བཞིན་གཞུང་ཞབས་ལས་བྱེད་ཡིན་ནའང་དེ་ག་རང་ཆགས་བསྡད་ཡོད་པ་རེད། གཞུང་ཞབས་ནང་ལ་མི་རྒན་པ་ཞེ་དྲག་མཐོང་རྒྱུ་མི་འདུག མང་ཆེ་བ་ལོ་ཆུང་བ་ཤ་སྟག་ཆགས་སྡོད་ཀྱི་འདུག ལོ་ཆུང་བ་ཚོ་ཡར་སླེབ་ཡོང་དུས་ཕྱག་ལས་རྒྱུན་རིང་པོ་གནང་ཐུབ་ཀྱི་མི་འདུག འདི་ང་ཚོས་དགོངས་པ་བཞེས་དགོས་རྒྱུ་ཞིག་རེད་འདུག དང་པོ་ཡར་ཚུད་རྒྱུའི་ཐབས་ཤེས་བཏང་། ད་ལྟའི་གནས་བབས་སུ་གཞུང་ཞབས་ཀྱི་ལས་བྱེད་འདྲ་ཡིན་ན། གླ་ཆ་དང་ཐོབ་ཐང་ཆ་ཚང་ཡག་ཐག་ཆོད་ཡོད་རེད། སྐྱོ་པོ་ཡོད་མ་རེད། འགྲིག་ཐག་ཆོད་ཡོད་རེད། ནམ་རྒྱུན་ཡིན་ན་ལས་བྱེད་ས་མིག་གཅིག་ལ་སྙན་ཞུ་འབུལ་མཁན་བཅུ་གྲངས་འབྱོར་གྱི་ཡོད་རེད། དེང་སང་ཡིན་ན་སྙན་ཞུ་འབུལ་མཁན་གྲངས་གཉིས་གསུམ་མ་གཏོགས་ཡོང་གི་ཡོད་མ་རེད། དེ་ཡང་དངོས་སུ་ཡིག་རྒྱུགས་ཉིན་མོར་གཏོང་མཁན་གཅིག་ཀྱང་མེད་པ་ཆགས་པ་ཡང་བྱུང་འདུག ཕྱོགས་གཅིག་ནས་མི་རིགས་ཀྱི་གྲངས་ཀ་ཉུང་ཉུང་ཆགས་བསྡད་ཡོད་རེད་དེ་སོ་སོའི་སྒྲིག་འཛུགས་དང་། ཆོས། རིག་གཞུང་གནས་དགོས་ཀྱི་ཡོད་ན་དེ་ཚོར་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་ང་ཚོས་གྲོས་ཚོགས་ཀྱི་ངོས་ནས་གཞོན་སྐྱེས་ཚོར་དམིགས་བསལ་གྱི་ཟབ་སྦྱོང་ཞིག་གནང་ཡོད་རེད། Youth Parliament ཟེར་ནས་རྒྱ་གར་ནང་དེ་འདྲ་ཡོང་གི་འདུག དེ་འདྲ་ཡོང་བ་ཡིན་ན། འགན་ཁུར་བཞེས་ཕྱོགས་ལ་འགྱུར་བ་ཡོང་གི་རེད་བསམས་ནས་དམིགས་པ་རེད། ལས་ཀ་ག་རེ་ཡིན་ནའང་འདུན་པ་དང་སྤྲོ་བ་ངེས་པར་དུ་སླེབ་དགོས་ཀྱི་ཡོད་རེད། དེ་རིང་རྣམ་པ་ཚོར་འགོ་ཁྲིད་ཟབ་སྦྱོང་གནང་དགོས་པའི་རྒྱུ་མཚན་གཙོ་བོ་འདི་རེད། དེ་ཚོ་ཞོར་འཕྲོས་ལ་ཞུས་ན་བསམས་སོང་ཞེས་གསུངས་གནང་རྗེས། སློབ་ཕྲུག་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།