དཔལ་ལྡན་ཚོགས་གཙོ་མཆོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༨ འཁོར་བའི་དུས་དྲན་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༨ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་གནང་སོང་།

དེ་ཡང་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག གཞན་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་ཚོགས་མི་རྣམས་ཆེད་བཅར་གནང་འདུག

སྐབས་དེར་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། རིམ་པས་གཡུ་ཐོག་གསོལ་འདེབས་འདོན་པ་དང་། གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་འཚམས་འདྲིའི་གསུང་བཤད་དང་། དྲུང་ཆེ་ནས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་སོང་།

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། སྐུ་མགྲོན་རྣམ་པ་དང་། བོད་ཀྱི་གསོ་བ་རིག་པའི་ཚོགས་གཙོ་གཙོས་ཚོགས་མི་རྣམ་པར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། སྤྱིར་བཏང་ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཞིག་ཆགས་ཀྱི་ཡོད་ནའང་། ང་ཚོའི་ལས་དོན་རྣམས་ཆབ་སྲིད་ཁོ་ན་བྱེད་ཀྱི་མེད་པ་གསལ་པོ་རེད། བོད་ཀྱི་རིག་གཞུང་གི་ཐོག་ལའང་ཕྱག་ལས་གལ་ཆེན་མང་པོ་གནང་ཡོད། བོད་ཀྱི་གསོ་བ་རིག་པ་དེ་ཡང་གལ་ཆེན་པོ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༠༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོ་རིག་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༠༤ ནས་གསོ་རིག་ལྷན་ཚོགས་དངོས་སུ་དབུ་བརྙེས་ནས་ད་ལྟ་ལོ་ངོ་ ༡༨ འཁོར་བཞིན་ཡོད། དེ་བཞིན་ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡོད་པ་ལས། གསོ་རིག་འདི་ཉིད་རིག་གནས་ཆེ་བའི་ནང་ནས་གཅིག་ཡིན་པ་དང་། ལོ་རྒྱུས་གནས་བབ་ཐོག་ནས་བཤད་པ་ཡིན་ན། རྒྱུད་བཞི་དང་འབུམ་བཞི་ཇི་ལྟར་འདོགས་རུང་ལོ་ངོ་སྟོང་ཕྲག་མང་པོ་ཕྱིན་པའི་རིག་གཞུང་ཞིག་ཡིན། བོད་གངས་ཅན་ལྗོངས་ཀྱི་མཁས་པ་མང་པོས་རྒྱུད་ལུང་དེ་དག་ལ་བསྟན་བཅོས་མང་པོ་བརྩམས་པར་བརྟེན། སྨན་བཅོས་ཐོག་དངོས་སུ་ལག་ལེན་འཁེལ་ཐུབ་པ་བྱུང་ཡོད། ང་ཚོའི་བཙན་བྱོལ་ནང་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་། གསོ་རིག་མཁས་པ་མང་པོས་ཐུགས་འཁུར་ཆེར་བཞེས་གནང་བའི་འབྲས་བུར། ད་ལྟ་ང་ཚོའི་ལམ་ཁ་གསལ་པོ་དོད་ཐུབ་པ་བྱུང་ཡོད། དེ་འདྲ་སོང་ཙང་། དེའི་ཐོག་ཕྱག་ལས་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཡིག་གཏན་འབེབས་གནང་བ་གཞིར་བཟུང་དང་། བཀའ་ཤག་ནས་མཐུན་འགྱུར་གནང་བ་རྣམས་གསོ་བ་རིག་པའི་ལྷན་ཚོགས་ངོས་ནས་ཆུད་ཟོས་སུ་མ་བཏང་བར་ནུས་པ་གང་ཡོད་ཐོག་ནས་གསོ་རིག་གི་བསྟན་པ་དར་ཁྱབ་ཡོང་ཐབས་དང་། ཁ་ཡོད་ལག་ཡོད་ཀྱིས་ནད་པ་རྣམས་ལ་ཕན་ཐོགས་རྒྱུ། གསོ་རིག་ཉམས་ལེན་ཚད་ལྡན་ཡོང་བ་བཅས་ལ་ཐུགས་འཁུར་ཆེན་པོ་བཞེས་འདུག་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། གཙོ་བོ་མ་འོངས་པར་གསོ་རིག་སྨན་པ་སྐྱེད་བསྲིང་བྱ་རྒྱུ་དང་། དེ་དག་ལ་སློབ་གཉེར་ཚད་ལྡན་ཡོང་ཐབས། དེ་བཞིན་སྨན་སྦྱོར་དང་། བརྟག་དཔྱད། སྨན་བཅོས་ལག་ལེན་གྱི་ཐབས་ལམ་སོགས་ཀྱི་ཐོག་རྣམ་པ་ཚོས་རྣམ་དཔྱོད་བཏོན་ནས་ལས་འཆར་བང་བསྒྲིག་རྒྱུ་དང་། དངོས་སུ་ལག་བསྟར་གནང་ཐུབ་རྒྱུ་བཅས་གལ་ཆེན་པོ་རེད་འདུག དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་། གྲོས་ཚོགས་ནས་གསོ་རིག་དང་། རིག་གཞུང་གཞན་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་པ་དང་། རྣམ་པ་ཚོའི་ལས་འབྲེལ་ཐོག་ང་ཚོའི་ངོས་ནས་ཐུགས་ཕན་གསོ་ཐུབ་རྒྱུའི་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུར་ཐེ་ཚོམ་གང་ཡང་མེད། སྤྱིར་གསོ་རིག་འདི་རླབས་ཆེན་པོ་ཞིག་ཡིན། དཔེར་ན། ལུས་མ་བདེ་བའམ་ན་བ་མི་བྱེད་པ་དང་། ན་བར་གསོ་བར་བྱེད་པ། ཚེ་རིང་བར་གནས་པ་བྱེད་པའི་རིག་གནས་འདི་གསོ་རིག་ནང་ཕྱོགས་གཅིག་ཏུ་བསྡུས་ཐུབ་པ་ཚན་རིག་དང་མཐུན་པ་ཞིག་ཡིན་ཚུལ་བོད་ནང་གི་མཁས་པ་ཚོས་ངོས་འཛིན་གནང་བཞིན་འདུག དར་རྒྱས་ཡོང་བར་བོད་ནང་རེབ་ཀོང་སྨན་པ་མཁས་པ་ཞིག་གིས་བོད་ས་ཁྱོན་ཡོངས་དང་། ནང་སོག་དང་ཤིན་ཅང་སོགས་ལ་གསོ་རིག་སྨན་ཁང་ ༡༠༨ ལྷག་བརྒྱབས་ཐུབ་འདུག་པས་ང་ཚོ་བཙན་བྱོལ་ནང་ལའང་རྣམ་དཔྱོད་དང་ནུས་པ་མ་འདྲ་བ་མང་པོ་ཡོད་རེད་བསམ་གྱི་འདུག ལྟོ་གོས་ཙམ་གྱི་དོན་དུ་མ་ཡིན་པར་བོད་ཀྱི་རིག་གཞུང་ཐོག་ལྷག་བསམ་རྣམ་དག་གིས་ཞབས་འདེགས་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་གནས་པ་དང་གསོ་རིག་བསྟན་པ་གོང་འཕེལ་ཡོང་བ། དེ་བཞིན་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ་དང་། ཏོག་དབྱིབས་གཉན་རིམས་ ༡༩ ལ་ཉམས་ཞིབ་ཡིག་ཆ་ཕྱོགས་སྒྲིག་གནང་བའི་དཔེ་དེབ་དབུ་འབྱེད་གནང་སོང་ལ། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསོ་རིག་ཆེད་རྩོམ་ཕྱོགས་བསྡུས་ཕྱག་དེབ་དབུ་འབྱེད་གནང་སོང་།

དེ་རྗེས་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་ཕྱག་ལས་གནང་མཁན་ཚོར་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གཉིས་ནས་ཐུགས་རྗེ་ལེགས་གསོལ་ཕྱག་འཕྱེར་བསྩལ་གནང་བ་དང་། སྨན་པ་ཐོགས་མེད་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཐར་གསོ་རིག་བསྟན་རྒྱས་སྨོན་ལམ་འདོན་ཟིན་རྗེས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་སོང་།།